ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༥ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༡ འཁོར་བའི་དུས་དྲན་དང་དམིགས་བསལ་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོ་ཚོགས་སོང།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་རྒྱ་རིགས་ཐར་ལགས། གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་འགན་འཛིན་གྱིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་པ་སོགས་མི་གྲངས་ ༧༠ ཙམ་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་མཚམས་གཡུ་ཐོག་གསོལ་འདེབས་གསུང་འདོན་དང་འབྲེལ་གསོལ་ཇ་འབྲས་སིལ་ཕུལ།
དེ་རྗེས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དྲུང་ཆེས་ལས་བསྡོམས་སྒྲོགས་སྦྱང་གནང་གྲུབ་བསྟུན་སྐུ་མགྲོན་གཙོ་བོས་གཡུ་ཐོག་སྙིང་ཐིག་སྨན་སྦྱོར་ཁང་གི་དེབ་སྐྱེལ་ཕྱག་འཁྱེར་གནང་། དེ་ནས་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོས་ངོ་སྤྲོད་གསུང་བཤད་དང་། སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱི་གསུང་གནས་སྒྲོགས་སྦྱང་གནང་། སྨན་རམས་པ་འཕྲིན་ལས་གཡང་འབྱོར་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་གྱིས་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༡ འཁོར་བའི་དུས་དྲན་དང་དམིགས་བསལ་ཚོགས་འདུ་ཐེངས་གཉིས་པའི་དབུ་འབྱེད་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ལྷག་པར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི། དེ་བཞིན་ཚོགས་བཅར་བ་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཚོགས་འདུ་འདིར་ཆེད་ལས་པ་རྐྱང་རྐྱང་འཛོམས་ཡོད་སྟབས་དམིགས་བསལ་ཆགས་ཀྱི་ཡོད། སྤྱིར་བོད་ཀྱི་སྤྱི་ཚོགས་རང་བཞིན་ཀྱི་ལྟ་སྟངས་ཐོག་ནས་སྨན་པར་ཧ་ཅང་གལ་ཆེན་པོ་དང་མཐོང་ཆེན་པོ་བརྩི་བཞིན་ཡོད་པ་ལྟར། དེ་རིང་འདིར་ཚོགས་པའི་ཆེས་མཐོའི་སྨན་པ་རྣམ་པ་ཡིན་ནའང་བོད་ཀྱི་བཅུ་ཕྲག་རིག་པའི་ཡ་གྱལ་གཙོ་བོ་གསོ་བ་རིག་པ་ལ་སྦྱང་པ་མཐར་ཕྱིན་པའི་ཆེད་མཁས་པ་རྐྱང་རྐྱང་ཡིན་པར་བརྟེན། ང་ལྟ་བུ་བོད་ཀྱི་གསོ་བ་རིག་པར་དེ་ཙམ་སྦྱང་མྱོང་མེད་མཁན་ཞིག་གིས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་སོ་སོའི་བསམ་ཚུལ་འགའ་ཤས་ཞུ་འདོད་བྱུང་། སྤྱིར་བོད་ཀྱི་གསོ་རིག་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་ལྔ་པའི་སྐབས་ཁྲིམས་དང་སྒྲིག་གཞི་སོགས་གཏན་འབེབས་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་འཁྲོལ་སྩལ་བ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་རང་སྐྱོང་ངོ་བོའི་ཐོག་གཞུང་འབྲེལ་ཚོགས་པ་ཞིག་ཆགས་ཡོད། ཚོགས་པ་འདི་དབུ་བརྙེས་ནས་ད་བར་ཕྱག་ལས་མི་ཉུང་བ་ཞིག་གནང་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་གང་ཙམ་ཐོན་ཡོད་པ་འདི་དགའ་འོས་པ་ཞིག་ཡིན།
བོད་ཀྱི་གསོ་བ་རིག་པ་འདི་ལོ་རྒྱུས་ཐོག་ནས་བཤད་པ་ཡིན་ན། ཆེས་གནའ་རབས་ཀྱི་རིག་གཞུང་དང། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ཕུགས་རྒྱང་རིང་པོ་དེད་རྒྱུ་ཡོད། འོན་ཀྱང་བོད་ཀྱི་གསོ་བ་རིག་པ་ཆ་ཚང་བ་འདི་ཡིན། འདི་ལྷག་ཞིབ་འཇུག་བྱེད་རྒྱུ་མེད་བརྗོད་རྒྱུ་ཞིག་ད་བར་བྱུང་མེད། ད་དུང་ལྐོག་གྱུར་རང་བཞིན་གྱི་རིག་གཞུང་མང་པོ་ཡོད། ལྷག་པར་བོད་ཀྱི་གསོ་རིག་ངོས་འཛིན་བྱེད་ཕྱོགས་ཐད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བཟོ་བཅོས་མ་བྱས་པར་ལོ་རྒྱུས་ཐོག་གང་ཡོད་པ་དེ་དག་རང་འཇགས་བཞག་ནས་ལོ་རྒྱུས་ལ་རྩི་མཐོང་དང་། རིག་གཞུང་གི་ངོ་བོ་མ་བརླག་པ་བྱེད་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང།
དེ་རྗེས་སྐུ་མགྲོན་གཙོ་བོས་གསུང་བཤད་གནང་དོན། འདིར་འདུས་རྣམ་པ་ལྷན་རྒྱས་ལ་འཚམས་འདྲི་ཞུས་པ་དང་ཆབས་གཅིག་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་ཐོག་མར་དབུ་བརྙེས་དགོས་པའི་དམིགས་ཡུལ་དང་། རྒྱུ་མཚན། དགོངས་པ་གང་བཞེས་ཡོད་པ། དེ་བཞིན་ཚོགས་ཆུང་ཟུར་བཙུགས་དགོས་པའི་རྒྱུ་མཚན་བཅས་དྲན་གསོ་དགོས་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག དེ་ཡང་སྨན་པ་ཁེ་གཙང་ལས་གྲུབ་པའི་ལྷན་ཚོགས་ཤིག་ཟུར་དུ་བཙུགས་ཡོད་པ་མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་ཁྲིམས་བཟོ་ལྷན་ཚོགས་ནས་ཁྲིམས་ཡིག་གཏན་འབེབས་གནང་སྟེ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་འཁྲོལ་དང་སྦྲགས་ཟུར་བཙུགས་གནང་བའི་ལྷན་ཚོགས་གལ་ཆེན་ཞིག་ཡིན། ལྷན་ཚོགས་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པར་སློབ་གཉེར་གནང་ཕྱོགས་དང་། སྨན་པ། སྨན་སྦྱོར་བཅས་ཚད་ལྡན་དང་ སྟངས་འཛིན་ཡོང་སླད་ལྷན་ཚོགས་འདི་བཙུགས་པ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། མཐར་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུས་ཏེ་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་ནས་མཛད་སྒོ་གྲོལ་ཡོད་པ་བཅས། །