ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅།།བོད་མི་མང་ས་སྐྱའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བའི་ནང། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༩ ཉིན་རཱཇཔུར་ས་སྐྱ་སྒྲོལ་མ་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་གནང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་གནས་མཆོག་ལུམྦིནཱིར་དཔལ་ས་སྐྱའི་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ས་སྐྱ་སྨོན་ལམ་ཚོགས་ཡོངས་སུ་གསལ་བསྒྲགས་གནང་དོན། ས་སྐྱ་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་རྣམ་གཉིས་བཀའ་བསྡུར་ཞིབ་གསལ་གནང་བའི་ཐོག དཔལ་ལྡན་ས་སྐྱ་པའི་མ་འོངས་པའི་བསྟན་བདག་ཁྲི་འཛིན་མཚན་གནས་བཞེས་ཕྱོགས་སྐོར་གྱི་ལམ་སྲོལ་གསར་གཏོད་མཛད་དོན་ཡང་། དེང་ཕོ་བྲང་གཉིས་ཀའི་གདུང་སྲས་རྣམ་པ་སྐུ་ཚད་རྫོགས་ཞིང་། གསན་བསམ་སློབ་གཉེར་གནང་སྒོ་ཁག་ཀྱང་གྲུབ་ལ་ཉེ་བ་མ་ཟད། ད་ཆ་སྐྱབས་མགོན་སྐུ་བགྲེས་པ་རྣམས་འཚོ་བཞུགས་ཡོད་བཞིན་པའི་སྐབས་འདིར་གང་ཅིའི་སློབ་སྟོན་གནང་རྒྱུ་ཡོད་པའི་དགེ་མཚན་གཞིར་བཅས། མཁྱེན་ཡོན་གྱི་ཆ་རྐྱེན་ལྡན་པའི་ཕོ་བྲང་གཉིས་ཀའི་གདུང་སྲས་རྣམས་བགྲེས་རིམ་བཞིན། ལོ་ངོ་གསུམ་རེའི་རིང་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་རྒྱུ་ཡིན་པའི་གྲོས་ཆོད་ཡིག་ཆ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་གསེང་ཞུས་པ་བཞིན།ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་བཀའ་འཁྲོལ་ཆོག་མཆན་རིན་པོ་ཆེ་སྩལ་གནང་མཛད་སྐོར་དང་། གྲོས་མཐུན་དངོས་གཞི་ཕྱི་ལོ་ ༢༠༡༧ ནས་དངོས་སུ་ཕྱག་བསྟར་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག