༢༠༡༥ ཟླ་ ༡ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་གཏན་འབེབས་གནང་བའི་རྗེས་འབྲས་སུ་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་ལྷོ་སྤྱི་ལས་ཁུངས་བརྒྱུད་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནས་སོའི་སྨན་པ་བུ་མོ་དཀོན་མཆོག་སྒྲོ་མ་ལགས་ཀྱིས་ཀར་ན་ཊ་ཀ་མངའ་སྡེའི་སོའི་སྨན་པའི་ལྷན་ཚོགས་སུ་དེབ་འགོད་གནང་ཐུབ་པ་བྱུང་འདུག
དེ་ཡང་ཉེ་ལམ་ཀར་ན་ཊ་ཀ་མངའ་སྡེའི་ནང་གནས་སྡོད་བོད་མི་སྐྱབས་བཅོལ་སོའི་སྨན་པ་ཐོན་མཁན་རྣམས་ལ་ཀར་ན་ཊ་ཀ་མངའ་སྡེའི་སོའི་སྨན་པའི་ལྷན་ཚོགས་ཀྱིས་དེབ་འགོད་བྱ་རྒྱུར་མོས་མཐུན་མ་བྱས་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ལྷོ་སྤྱི་ལས་ཁུངས་གཉིས་ནས་རྒྱ་གར་ནང་སྲིད་ལས་ཁུངས་དང་འབྲེལ་ཡོད་མངའ་སྡེར་སྙན་སེང་ཞུས་རྗེས། རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ཉིན་ཀར་ན་ཊ་ཀ་མངའ་སྡེའི་སོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོར་བཀའ་ཡིག་གནང་བའི་ནང་། ཉེ་ལམ་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱིས་སྐྱབས་བཅོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་གཏན་འབེབས་གནང་བའི་ནང་བོད་མི་སྐྱབས་བཅོལ་བ་ཆེད་ལས་ཀྱི་ལས་རིགས་ཐོན་མཁན་རྣམས་ལ་མུ་མཐུད་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་གནང་རྒྱུ་དང་། བོད་མི་སྐྱབས་བཅོལ་བ་སོའི་སྨན་པ་ཐོན་མཁན་རྣམས་ལ་དེ་མཚུངས་དགོངས་བཞེས་གནང་དགོས་སྐོར་དཀའ་ཕེབས་ཡོད་པ་མ་ཟད། ཀར་ན་ཊ་ཀ་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་ནས་ཀྱང་དེ་ལྟར་རྒྱབ་གཉེར་གནང་བར་བརྟེན། བུ་མོ་དཀོན་མཆོག་སྒྲོལ་མས་ཀར་ན་ཊ་ཀ་མངའ་སྡེའི་སོའི་སྨན་པའི་ལྷན་ཚོགས་སུ་དེབ་འགོད་གནང་ཐུབ་པ་བྱུང་འདུག