ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Core Group for Tibetan Cause) དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་(ITCO)ཟུང་འབྲེལ་ཐོག་གཱན་དྷཱིའི་ཞི་བདེ་ཐེབས་རྩ་ཁང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་དབུས་རྒྱུན་ལས་སྐུ་ཞབས་ཀུལ་བུ་ཤན་བྷག་ཤི་ (Shri Kul Bhushan Bakshi Ji) ལགས་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་ཆེད་སྨོན་ལམ་གསུང་འདོན་གནང་ཡོད།
དེ་ཡང་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་དམ་པ་ཁོང་གི་ནང་མི་དང་། ཉེ་འབྲེལ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། ཕྱོགས་བཞུགས་སྤྱི་འཐུས་ཀྱིས་གཙོས་ལྡི་ལི་ཁུལ་གྱི་བོད་མིའི་ལས་ཁུངས་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་འདུ་འཛོམས་ཀྱིས་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུང་འདོན་དང་ལྷན་དམ་པ་ཁོང་གི་འདྲ་དཔར་ལ་མེ་ཏོག་དང་ཁ་བཏགས་གཡོགས་གྲུབ་མཚམས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྐུ་ཞབས་ཨེན་ཀེ་ཊི་ཁ་ལགས། སྐུ་ཞབས་ཀུལ་བུ་ཤན་བྷག་ཤི་ལགས་ཀྱི་བུ་མོ་ཨན་ཤུ་ཤཱ་ཧི་ལགས། སློབ་དཔོན་ཨཱནནཏ་ཀུ་མཱར་ལགས། ཝི་ཇེ་ཀ་རན་ཏི་ལགས།སུ་རེན་རྡར་ཀུ་མཱར་ལགས། སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་སོགས་ཀྱིས་རིམ་བཞིན་གསུང་བཤད་གནང་།
དེ་ནས་དམ་པ་ཁོང་གིས་འགྲོ་བ་མི་སྤྱི་དང་། ལྷག་པར་བོད་དོན་ཆེད་སྐུ་ལས་སྐྱོན་པར་བཀའ་དྲིན་རྗེས་དྲན་མཚོན་ཆེད་མྱ་ངན་ངག་བཅད་སྐར་མ་གཉིས་ཞུས་ཡོད།།