༢༠༡༥ ཟླ་ ༡ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་རྟེན་གཞི་བྱས་པའི་པེ་རེ་སི་ཌེན་སི་གཙུག་ལག་ Presidency University སློབ་གཉེར་ཁང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར། གོང་ཚེས་ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་གིས་གཙུག་ལག་སློབ་ཁང་དེའི་དགེ་ལས་སློབ་ཕྲུག་རྣམས་ལ་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཞེས་ Human Approach to World Peace པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། སྤུན་ཟླ་རྒན་གཞོན་ཕོ་མོ་ལྷན་རྒྱས་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་། ངོས་རང་དེ་རིང་རྒྱ་གར་ནང་གི་དེང་རབས་ཤེས་ཡོན་གྱི་སློབ་སྦྱོང་བྱེད་སའི་བསྟི་གནས་ཁང་རྙིང་ཤོས་ཤིག་ཏུ་བཅར་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཆེས་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། དེང་སྐབས་ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་བྱམས་བརྩེ་ནི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པར་བརྟེན་ང་ཚོ་སྐྱེས་ཙམ་ཉིད་ནས་རང་ཆས་སུ་བྱམས་བརྩེའི་འོག་འཚོ་སྐྱོང་བྱས་ཡོད་སྟབས། གཞན་ལ་བྱམས་བརྩེ་སྤེལ་རྒྱུའི་ནུས་པ་ལྡན་ཡོད། ང་ཚོ་ཚང་མ་མ་ལས་སྐྱེས་ཤིང་མའི་ནུ་ཞོ་ལ་བརྟེན་ནས་འཚར་ལོངས་བྱུང་ཡོད། དེར་བརྟེན་མིའི་ལྷན་སྐྱེས་སུ་བྱམས་བརྩེའི་ཉམས་མྱོང་ཤུགས་ཆེན་པོ་ཡོད།
ང་ཚོའི་སེམས་རྒྱུད་ལ་ཆགས་སྡང་གི་བློ་ཇི་ཙམ་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ལུས་ཀྱི་འཕྲོད་བསྟེན་ལའང་གནོད་ཚབས་ཆེ་བ་ཡོད། ཇི་ཙམ་བསམ་བློ་བག་ཕེབས་ཡོད་པ་དེའི་ཚོད་ཀྱིས་ལུས་ཀྱང་བདེ་བ་ཡོང་གི་ཡོད། དེར་བརྟེན་ང་ཚོས་ཆུང་ས་མི་སྒེར་གྱི་མི་ཚེ་དང་། ཆེ་ས་ཁྱིམ་ཚང་དང་སྤྱི་ཚོགས་སོགས་ཞི་བདེ་བག་ཕེབས་ཡོང་རྒྱུར་བསམ་བློ་བཟང་པོ་ཞིག་དང་བྱམས་བརྩེ་དགོས་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད། འོན་ཀྱང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་རྒྱུར་ཆོས་ལུགས་བྱེ་བྲག་པ་ཞིག་ལ་རྟེན་དགོས་རྒྱུ་ཞིག་ནམ་ཡང་མེད། ཆོས་ལུགས་དང་མ་འདྲེས་པའི་ཐོག་ནས་བཟང་སྤྱོད་གོང་འཕེལ་གཏོང་ཐུབ། ཅེས་བཀའ་སློབ་སྩལ་ཡོད་པ་མ་ཟད། ལྷག་པར་སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་གནའ་རབས་སྲོལ་རྒྱུན་ནས་དར་བའི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་སོགས་བཟང་པོའི་རིན་ཐང་དེ་དག་དེང་སྐབས་ངེས་པར་དུ་སློབ་སྦྱོང་དང་བློ་སྐྱེས་ལེན་གལ་ཆེ་ཡིན་པ་མ་ཟད། རང་ཉིད་ཙམ་མ་ཟད་སོ་སོའི་ཁྱིམ་མཚེས་ཚོ་ལའང་སློབ་གསོ་གནང་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ། བཀའ་སློབ་གྲུབ་བསྟུན། སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་མཛད། དེ་རྗེས་གཙུག་ལག་སློབ་ཁང་དེའི་ཉེ་བའི་རིག་བདག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།
ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་བཟོ་ཚོང་མཐུན་ཚོགས་ Chamber of Commerce and Industry, (MCC ཀྱི་ཚོགས་མི་དང་སྐུ་མགྲོན་རྣམ་པར་ཤེས་ཡོན་གྱི་དོན་སྙིང་དང་དགོས་མཁོ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་གིས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལྟར་བྱུང་ན་མི་ཚོས་སྤྱི་ཚོགས་ནང་འགན་འཁུར་གྱི་བསམ་བློ་ཡོང་རྒྱུ་ཡིན་སྐོར་དང་། སྤྱིར་ང་ཚོས་རེ་བ་ནམ་ཡང་མ་བརླག་པར་འབྱུང་འགྱུར་གྱི་འཆར་སྣང་དང་དམིགས་ཡུལ་གང་ཡིན་དེ་ལྟར་བསྒྲུབ་ཐུབ་རྒྱུའི་ཆོད་སེམས་བརྟན་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་སྩལ། མཛད་སྒོའི་ཐོག་ནུབ་བྷང་གྷལ་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་ཞབས་ Mr Partha Chatterjee ལགས་དང་ཁུལ་དེར་རྟེན་གཞི་བྱས་པའི་སེན་ཛེ་ཝི་ཡར་མཐོ་སློབ་ཀྱི་སློབ་མ་སོགས་ཀྱང་མཉམ་ཞུགས་གནང་འདུག