༢༠༡༥ ཟླ་ ༡ ཚེས་ ༢ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་མ་ཧ་རཤ་ཊ་མངའ་སྡེའི་གྲོང་ཁྱེར་གཉིས་པ་པུ་ནེ་ (Pune) ནང་རྟེན་གཞི་བྱས་པའི་ (Chanakya Mandal Pariwar) ཞེས་པའི་དགེ་རྩ་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར། བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༣༡ ཉིན་མགོན་ཆེན་པོ་གང་ཉིད་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཏེ་རྗེས་དྲན་གྱི་པང་རྡོ་ཞལ་ཕྱེ་མཛད་པ་དང་། ཚོམས་ཆེན་ནང་དུ་སྣང་གསལ་ཞལ་ཕྱེ་མཛད།
དེ་རྗེས་༸གོང་ས་མཆོག་གིས་རྒྱ་གར་བ་གཙོ་བོར་འགྱུར་བའི་ཕྱི་ནང་མི་རིགས་བཅས་ཁྱོན་མི་གྲངས་ ༤༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། གཅེན་གཅུང་ཕོ་མོ་ཚོར་ཁྱེད་ཚོའི་ས་ཆ་འདིར་ཤེས་ཡོན་གྱི་ལྷ་ཁང་ལྟ་བུ་ལུང་འདྲེན་བྱས་པར་ངོས་རང་དགའ་བོ་བྱུང་། ང་ཚོའི་ལྷ་ཁང་དེ་ཚོ་ཕྱག་མཆོད་དང་། ཆོས་ཕྱོགས་ཀྱི་བྱ་གཞག་ཁོ་ནའི་ཆེད་བེད་སྤྱོད་གཏོང་བཞིན་ཡོད། འོན་ཀྱང་ཆོས་དད་ཁེར་རྐྱང་གི་ང་ཚོའི་སེམས་ལ་འགྱུར་བ་གཏོང་མི་ཐུབ། དེ་ལྟར་བྱེད་པར་མིའི་བློ་གྲོས་ཀྱི་ནུས་པ་བེད་སྤྱོད་བྱེད་དང་གོམ་པ་མདུན་སྤོ་བྱེད་དགོས། སྤྱིར་རྒྱ་གར་ནི་ཧ་ཅང་ཆོས་དད་ཅན་གྱི་རྒྱལ་ཁབ་གཅིག་ཡིན། ཁྱིམ་ཚང་ཕལ་ཆེ་བས་ཉིན་ལྟར་ཚོགས་བདག་དང་། དབང་ཕྱུག དབྱངས་ཅན་མ་བཅས་ལ་མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད། ཡིན་ནའང་མཆོད་འབུལ་སྨོན་ལམ་ཙམ་གྱི་དོན་ངོ་མ་ཇི་བཞིན་རྟོགས་དཀའ་བར་བརྟེན། དེ་དག་ལ་གཏིང་ཟབ་མོའི་ཐོག་སློབ་སྦྱོང་བྱེད་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ།
ཉིན་རྒྱབ་ཚོགས་བདག་སྒྱུ་རྩལ་བསྟི་གནས་ཁང་ཚོགས་ཁང་དུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་བཀའ་སློབ་སྩལ་དོན། དེང་སྐབས་འཛམ་གླིང་འདིའི་ནང་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་ང་ཚོ་རང་གིས་རིམ་པ་གཉིས་པའི་སྟེང་ཆོས་དད་དང་། རིགས་རུས། ལུང་ཚན། མི་རིགས། དབུལ་ཕྱུག་སོགས་ཀྱི་དབྱེ་བ་ཕྱེ་ནས་ཡོང་གི་ཡོད་པ་གསལ་པོ་རེད། འབྱུང་བའི་གོད་ཆག་ལ་བརྟེན་ནས་བྱུང་བའི་དཀའ་ངལ་མ་གཏོགས་གཞན་མང་ཆེ་བ་མི་རང་གི་བཟོས་པ་ཆགས་ཀྱི་ཡོད། ངོས་ཀྱི་བསམ་པར་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་ནི། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་དང་། འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཡོངས་རྫོགས་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པའི་འདུ་ཤེས་སྐོར་སློབ་སྦྱོང་སྤྲོད་ཐུབ་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ། འཛམ་གླིང་ནང་གི་ཆོས་ལུགས་གཙོ་གྲས་འདྲ་མིན་མང་པོ་ཡོད་པ་ཚང་མས་འགྲོ་བ་མིའི་སྤྱི་ཚོགས་སྐོར་ལ་གསུངས་པ་མ་གཏོགས་སྤྱི་ཚོགས་བྱེ་བྲག་པ་ཞིག་གི་སྐོར་ལ་གསུང་གི་མེད། ངོས་རང་མི་གཞན་སུ་ལའང་སྐད་ཆ་ཤོད་སྐབས་ངོས་རང་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་ཁོངས་ནས་གཅིག་ཡིན་བསམ་དྲན་བཞིན་ཡོད།
ང་ཚོ་སྤྱི་ཚོགས་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པའི་སེམས་ཅན་ཞིག་ཆགས་ཡོད་པར་བརྟེན། གྲོགས་པོ་དགོས་ཀྱི་ཡོད། མཛའ་མཐུན་ཡོང་བར་ཕན་ཚུན་ཡིད་ཆེས་དགོས། ཡིད་ཆེས་ཡོང་བར་གཞན་ལ་ཕན་པ་སྒྲུབ་དགོས་པའི་བསམ་བློ་གཏོང་དགོས། ང་ཚོ་མི་ཚང་མ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་ཐོབ་ཐང་ཆ་ཚང་ཡོད། མི་གཞན་སུ་ཞིག་ལའང་ཐུབ་ཚོད་དང་བརྙས་བཅོས་ཞུ་རྒྱུའི་ཐོབ་ཐང་མེད། སོ་སོ་གཅིག་པུ་བསམ་བློ་གཏང་བ་དང་། ལུས་ཀྱི་རྣམ་འགྱུར་སྟོན་ཚེ་ཡིད་ཆེས་ཡོང་རྒྱུ་མེད། དེ་ལ་བརྟེན་ནས་ཞེ་སྡང་དང་དངངས་སྐྲག་ཡོང་རྒྱུ། ཞེ་སྡང་ནི་ཁོང་ཁྲོ་དང་འུ་ཐུག་གི་གཞི་རྩ་ཡིན། དེང་སྐབས་ཚན་རིག་པས་ནང་སེམས་ཁམས་བདེ་ཐང་ཇི་ཙམ་ཡོད་པ་དེ་ཙམ་གྱི་ཕྱིའི་གཟུགས་པོ་བདེ་ཐང་ཡོང་གི་ཡོད་སྐོར་ལོ་མང་རིང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཐོན་ཡོད། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་རྣམ་གཞག་ཕྱུག་པོ་དེ་དག་སེམས་ཞི་བདེ་སྐྲུན་མཁན་ཆགས་ཡོད་སྟབས་སྦྱོང་བརྡར་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ།