༢༠༡༥ ཟླ་ ༡ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཧ་ར་ཤི་ཏ་མངའ་སྡེའི་གྲོང་ཁྱེར་ནཱ་སིག་ཏུ་མང་ཚོགས་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་བཀའ་སློབ་སྩལ་འདུག
དེ་ཡང་༧གོང་ས་མཆོག་སུ་རཏ་ནས་ཆིབས་༸ཞལ་མ་བསྒྱུར་གོང་ཁུལ་དེར་གདན་ཞུ་གསོལ་འདེབས་ཞུ་མཁན་སྐུ་ཞབས་གྷོ་ཝིནད་ཌོ་ལ་ཀི་ཡ་ MrGovindDholakia ལགས་སྐུ་འཁོར་ནང་མི་རྣམ་པས་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་པར་ཐུགས་རྗེ་བཀའ་དྲིན་ཆེ་ཞུས་ཏེ་ཕེབས་སྐྱེལ་གཟབ་རྒྱས་ཞུས་འདུག སྐབས་དེར་མགོན་པོ་གང་ཉིད་མཆོག་ནས་ཀྱང་སྐུ་ཞབས་གྷོ་ཝིནད་ཌོ་ལ་ཀི་ཡ་ལགས་སུ་ཐུགས་རྗེ་ཆེ་ཞུ་གནང་མཛད་པ་མ་ཟད། ཁོང་གི་གཏོང་འཕོད་ཅན་གྱི་ལས་དོན་ལ་རྗེས་སུ་ཡི་རང་དང་མུ་མཐུད་ལས་དོན་ལེགས་གྲུབ་གནང་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་འདུག
དེ་ནས་མགོན་པོ་གང་ཉིད་མཆོག་ཁུལ་དེ་ནས་ཆིབས་སྒྱུར་བསྐྱངས་ཏེ་ནཱ་སིག་གནམ་ཐང་དུ་༧ཞབས་སོར་འཁོད་སྐབས་གདན་ཞུ་གསོལ་འདེབས་ཞུ་མཁན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པ་མ་ཟད་ཉིན་དེར་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་ནང་པའི་དད་ལྡན་གཙོ་བོར་གྱུར་བའི་མང་ཚོགས་གྲངས་ ༤༥༠༠ བརྒལ་བར་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་ཚོ། ཁྱེད་རྣམ་པས་མགྲོན་འབོད་ལྟར་ངོས་རང་དེ་རིང་འདིར་སླར་ཡང་བཅར་ཏེ་ཁྱེད་རྣམ་པ་དང་སླར་ཡང་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གོ་སྒྲིག་ཚགས་ཚུད་ཡོང་སླད་སྐུ་ལས་ཧ་ཅང་སྐྱོན་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་རྒྱུན་དུ་མང་ཚོགས་ལ་གཏམ་བཤད་བྱེད་སྐབས་ང་ཚོ་ཚང་མ་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མ་གཅིག་མཚུངས་ཡིན་བསམས་པ་དྲན་བཞིན་ཡོད། ང་ཚོ་ཚང་མར་བཟང་ངན་དབྱེ་འབྱེད་བྱེད་རྒྱུའི་རྣམ་དཔྱོད་གཅིག་མཚུངས་ཡོད། གལ་ཏེ་ང་ཚོ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་རོལ་འདོད་ན། ལས་ངན་པའི་རིགས་སྤང་སྟེ་བཟང་པོའི་ལས་དོན་བསྒྲུབས་དགོས་པ་ཡིན།
ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་ངོས་ཀྱི་བསམ་བློའི་ནང་འགན་འཁུར་གཙོ་བོ་གཉིས་ཡོད། དང་པོ་དེ་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་སུ་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཡོན་ཏན་གོང་མཐོར་གཏོང་ཐབས་ཀྱི་གོ་རྟོགས་སྤེལ་བཞིན་ཡོད། གཉིས་ནས་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་སྤེལ་གཏོང་ཐབས་བྱེད་རྒྱུའི་འདོད་པ་ཡོད། དེ་རིང་འདིར་ནང་པ་དང་། ཡི་ཤུ། ཧིན་དྷུའི་ཆོས་ལུགས་བཅས་ཆོས་ལུགས་འདྲ་མིན་གྱི་མི་བསླེབས་འདུག་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཆོས་ལུགས་གཙོ་ཆེ་བ་ཚང་མས་ནང་སེམས་ཀྱི་ཞི་བདེ་གོང་སྤེལ་གཏོང་ཐབས་ཆེད་གསུང་གི་ཡོད།
ང་ཚོ་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཙམ་མ་ཟད། དུད་འགྲོ་དང་འབུ་སྲིན་ཚུན་ཆད་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། སྤྱིར་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་འདོད་ཡོད་པ་མ་ཟད། བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། སྒོ་ལྔའི་དབང་ཤེས་ལ་བརྟེན་པའི་ཚོར་བ་དེ་དུད་འགྲོ་ལ་ཡང་ཡོད། ང་ཚོ་མི་ལ་ཁྱད་པར་གཅིག་ཡོད་པ་དེ་ནི་རྣམ་དཔྱོད་ཡིན་པར་བརྟེན། ཕྱོགས་གཅིག་ནས་དེས་དཀའ་ངལ་སེལ་བར་ཕན་ཐོགས་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་སེམས་ཁྲལ་ཡོང་རྒྱུའི་གཞི་ཆགས་ཀྱི་ཡོད།
ང་ཚོ་སྐྱེས་པའི་ཉིན་ནས་མའི་བྱམས་བརྩེར་བརྟེན་ཏེ་འཚར་ལོངས་བྱེད་ཀྱི་ཡོད། ཚན་རིག་པ་ཁག་གཅིག་གིས་གསུངས་པ་ལྟར་ན། ང་ཚོར་ཆུང་དུས་མའི་བྱམས་བརྩེ་ཐོབ་པ་རྣམས་ཀྱི་ཀླད་པའི་འཚར་ལོངས་ཡག་པ་ཡོང་རྒྱུར་ཕན་ཐོགས་ཡོང་གི་ཡོད། ཆུང་དུས་མའི་བྱམས་བརྩེ་ཐོབ་མཁན་རྣམས་མི་ཚེ་ཚགས་ཚུད་དང་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་ཀྱི་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་ཡང་སྩལ།
ཕྱེད་ཡོལ་ཁུལ་དེར་ཡོད་པའི་ནང་པ་རྣམས་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་འདུག ཕྱོགས་མཚུངས་༧གོང་ས་མཆོག་གིས་ཁུལ་དེར་ཡོད་པའི་བོད་མི་སུད་ཚོང་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། བོད་མི་ཚོས་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་མ་ཟད། རང་ཉིད་ས་གནས་གང་དུ་གནས་ཀྱང་བོད་པ་ཞིག་ཡིན་པ་དེ་མ་བརྗེད་པར་ཡ་རབ་བཟང་སྤྱོད་དང་ལྡན་པའི་བོད་མི་ཞིག་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་འདུག །།