༢༠༡༤ ཟླ་ ༡ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་པདྨའི་ལྷ་ཁང་ངམ་ལོ་ཊ་སི་ཊེམ་པལ་ Lotus Temple ཞེས་པ་དེར་ཆིབས་སྒྱུར་གྱིས་ཞི་བདེ་དང་བྱམས་བརྩེའི་སྐོར་བཀའ་སློབ་་སྩལ་འདུག ལྷ་ཁང་དེ་ནི་བྷ་ཧ་ཡ་ཆོས་ལུགས་ཀྱི་མཆོད་ཁང་ཡིན་པ་དང་། དེ་ཡང་བྷ་ཧ་ཡ་ཆོས་ལུགས་ཀྱིས། དཀོན་མཆོག་གཅིག་དང་། ཆོས་ལུགས་གཅིག འགྲོ་བ་མི་གཅིག་ཞེས་པའི་ལྟ་གྲུབ་འཛིན་བཞིན་ཡོད་པ་དང་། ཆོས་ལུགས་དེ་ཐོག་མར་ཨི་རན་ནང་དར་བ་ནས་ད་བར་མི་ལོ་བརྒྱ་ལྷག་ཙམ་འགྲོ་བཞིན་འདུག དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་༸གོང་ས་མཆོག་པདྨའི་ལྷ་ཁང་། ཞེས་པ་དེར་༸ཞབས་སོར་འཁོད་སྐབས། རྒྱ་གར་རྒྱལ་ཡོངས་བྷ་ཧ་ཡ་ཆོས་ལུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལྕམ་སྐུ་ ན་ཛི་ནིན་ རོ་ཧ་ནི་ Ms. Nazneen Rowhani ལགས་དང་། རྒྱ་གར་རྒྱལ་ཡོངས་ཆོས་ལུགས་མཐུན་སྒྲིལ་ཐེབས་རྩ་ཁང་ National Foundation for Communal Harmony གི་དྲུང་ཆེའི་ཐུགས་འགན་བཞེས་མཁན་རྒྱ་གར་གྱི་གཞུང་ཚབ་པ་སྐུ་ཞབས་ ཨ་ཤོག་ས་ཇན་ཧར་ Ashok Sajjanhar ལགས་རྣམ་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་རྗེས་ལྕམ་སྐུ་ན་ཛི་ནིན་རོ་ཧ་ནི་ལགས་ཀྱིས་ཚོགས་བཅར་བ་ལྡི་ལིའི་ཁུལ་ནས་སློབ་གྲྭ་ཁག ༡༤ ཡི་སློབ་ཕྲུག་དང་སློབ་སྤྱི། ཕྱི་འབྲེལ་མི་སྣ་སོགས་ལ་༸གོང་ས་མཆོག་ངོ་སྤྲོད་གནང་འདུག
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་མཛད་སྒོ་གྲ་རྒྱས་པོ་དང་འདྲ་ཆགས་པོ་དེ་འདྲ་བྱ་རྒྱུར་འདོད་བབ་མེད། གང་ཡིན་ཞེ་ན་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་འགྱུར་ཡིན་པར་བརྟེན་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་གཅིག་མཚུངས་ཆགས་ཡོད་པ་མ་ཟད། ཚང་མར་ལུས་སེམས་ཀྱི་དཀའ་ངལ་ཡོང་གི་ཡོད་པ་གཅིག་མཚུངས་ཆགས་ཡོད། དཀའ་ངལ་མེད་མཁན་སུ་གཅིག་ཀྱང་མེད། འོན་ཀྱང་ཤེས་ཡོན་ལ་བརྟེན་ནས་ང་ཚོས་དཀའ་ངལ་དེ་དག་ལ་ཕྱོགས་མང་པོ་ཞིག་ནས་ལྟ་ཐུབ་རྒྱུ་དང་། དེ་འདྲ་བྱུང་ན་ང་ཚོས་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཐུབ། ཅེས་བཀའ་སློབ་སྩལ་རྗེས་གཞོན་སྐྱེས་ཚོར་གཟིགས་ནས་བཀའ་སློབ་སྩལ་དོན།
ཁྱེད་རང་ཚོ་ནི་འགྲོ་བ་མི་རིགས་སྤྱིའི་མ་འོངས་མདུན་ལམ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། ཁྱེད་ཚོ་དུས་རབས་ ༢༡ པའི་མི་རབས་ཡིན། དུས་རབས་ ༢༠ པའི་ནང་འཚེ་བའི་ལས་མང་དག་ཞིག་སྤེལ་ཡོད་པ་དེ་ནི་རང་རྒྱལ་གཞན་ཕམ་གྱི་བསམ་བློ་དང་། ཕུགས་རྒྱང་རིང་པོ་བསམ་བློ་མེད་པར་བརྟེན། དཀའ་ངལ་དེ་ཚོ་བྱུང་བ་ཞིག་ཡིན་སྟབས། མ་འོངས་དུས་རབས་ ༢༡ པ་དེ་དུས་རབས་བཟང་པོ་ཞིག་བསྐྲུན་རྒྱུར་ཁྱེད་རང་ཚོར་འགན་ཡོད། ཁྱེད་ཚོས་བསམ་བློ་རྒྱ་ཆེ་ས་ནས་འགྲོ་བ་མི་རིགས་ཡོངས་ལ་ཕན་པའི་ལས་དོན་སྤེལ་ཐུབ་པ་ཡིན་ན་རང་གཞན་རོགས་གསུམ་ཚང་མར་བདེ་སྐྱིད་ཡོང་རྒྱུ་ཡིན། སོ་སོ་རང་ཉིད་མི་སྒེར་ལ་མཚོན་ནའང་སེམས་ནང་ཞི་བདེ་བག་ཕེབས་ཡོང་རྒྱུར་ཕན་ཐོགས་ཡོད། ཅེས་སོགས་ཀྱི་བླང་དོར་བཀའ་སློབ་སྩལ་རྗེས་དྲི་བ་དྲིས་ལན་སྐབས།
འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་གྱི་དྲི་བར་བཀའ་ལན་སྩལ་དོན། ད་ལྟ་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་འདས་པའི་སྲིད་བྱུས་ནོར་བ་ལ་བརྟེན་ལས་བྱུང་བ་ཞིག་ཡིན་པས། དྲག་པོའི་སྟོབས་ཤུགས་ཀྱིས་དཀའ་ངལ་དེ་དག་འཕྲལ་དུ་སེལ་ཐུབ་པ་ལྟར་སྣང་ཡང་ཕུགས་ལ་དཀའ་ངལ་དེ་དག་སེལ་རྒྱུའི་ཚབ་ཏུ་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་སྟབས། ད་ཆ་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱེད་རྒྱུའི་དུས་ཚོད་ཡོལ་ཟིན། དེར་བརྟེན་ང་ཚོར་དེང་སྐབས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་འཚེ་བ་མེད་པར་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། ཞེས་བཀའ་ལན་སྩལ་འདུག དེ་ཉིན་༸གོང་ས་མཆོག་གིས་བཀའ་སློབ་ཀྱི་མཛད་འཕྲིན་གྲུབ་མཚམས་པདྨའི་ལྷ་ཁང་དུ་ ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་ཐོག་ལྷན་ཞུགས་མཛད་ཡོད།