༢༠༡༤ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་རྣམས་ལ་གསུང་བཤད་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཡོལ་ཙམ་ལ་སྲིད་སྐྱོང་མཆོག་མོན་གྷོ་གཏན་སློབ་ཀྱི་རྒྱལ་གླུ་གཏོང་སའི་རྭ་བའི་ནང་ཕེབས་སྐབས་ལྷོ་སྤྱི་དང་། ས་གནས་འགོ་འཛིན། ས་འཐུས་ཚོགས་གཙོ། བརྒྱ་དཔོན་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས། དེ་ནས་ས་གནས་འགོ་འཛིན་གྱིས་ལས་བསྡོམས་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག་ཚོགས་འདུའི་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ལྷན་གསུང་བཤད་གནང་དོན། ང་ཕལ་ཆེར་ང་འདོད་རྒུ་གླིང་གཞིས་ཆགས་འདིར་བསླེབས་པ་ཐེངས་གསུམ་པ་ཆགས་ཡོད། དེ་སྔོན་ཐེངས་གཅིག་བསླེབས་སྐབས་མི་མང་དང་ཐུགས་རྒྱུ་བྱུང་མེད། བཀའ་ཤག་སྐབས་ ༡༤ པ་འདི་ལོ་ངོ་གསུམ་ལྷག་ཕྱིན་ཚར་ཡོད། ལོ་ངོ་དེའི་རིང་ང་གཞིས་ཆགས་ཁག་ལ་བསླེབས་སྐབས་ཆུ་དང་། གློག འགྲོ་ལམ། སློབ་གྲྭ སྨན་ཁང་བཅས་དགོས་ཀྱི་འདུག་ཅེས་ཞུས་པའི་ཐོ་རྣམས་ཆ་ཚང་བསྡུ་རུབ་བྱས་ནས་རེས་གཟའ་མིག་དམར་དང་པ་སངས་ཆར་ཅན་བཀའ་ཤག་ལྷན་རྒྱས་ཚོགས་ཀྱི་ཡོད་སྟབས། དེ་ཉིན་གཞིས་ཆགས་ཁག་གི་དགོས་མཁོའི་ཐོག་ཐག་གཅོད་བྱེད་ཀྱི་ཡོད།
དེ་ནས་ཕྱི་རྒྱལ་ཁག་ཏུ་ཕྱིན་ཏེ་ང་ཚོའི་གཞིས་ཆགས་ཁག་གི་དགོས་མཁོ་དེ་དག་བསྒྲུབ་ཆེད་རོགས་དངུལ་འཐབ་རྩོལ་བྱས། དེ་རྗེས་རོགས་དངུལ་གང་ཐོབ་པ་དེ་དག་གཞིས་ཆགས་ཁག་ལ་བགོ་འགྲེམས་བྱེད་ཀྱི་ཡོད། སྲིད་སྐྱོང་ཕྱི་རྒྱལ་ལ་འགྲོ་རྒྱུ་མང་དྲགས་ཀྱི་འདུག་བསམས་ན། ཨམ་སྡོང་ལ་ཨམ་སྐྱེས་ཀྱི་ཡོད་པ་མ་གཏོགས་ད
ངུལ་སྐྱེས་ཀྱི་མེད་པ་ལྟར། རོགས་དངུལ་ཐབས་འཚོལ་ཆེད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་དགོས་ཀྱི་འདུག ལོ་ངོ་གསུམ་པོ་འདིའི་རིང་ངས་བོད་མིའི་གཞིས་ཆགས་ཁག་ཡོངས་རྫོགས་དང་། སྒེར་ཚོགས་ཁག་ཕལ་ཆེར་མང་ཆེ་བ། སློབ་གྲྭ་ཁག་ཡོངས་རྫོགས་བསྐོར་ཟིན་པ་ཡིན། དེ་བཞིན་ཡུ་རོབ་དང་བྱང་ཨ་རི་ཁུལ་གྱི་བོད་མི་མང་ཆེ་བ་ཐུག་ཟིན་ཡོད། སྤྱི་ཡོངས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་འདུག སྔ་མོ་ཡིན་ན་ཕྱི་རྒྱལ་ཁག་ལ་ཚོགས་འདུ་ལ་སོགས་པའི་ཐོག་མི་རབས་རྒན་པ་ཚོ་མ་གཏོགས་འཛོམས་ཀྱི་མེད། དེང་སྐབས་བོད་མི་ཆེ་འབྲིང་ཆུང་གསུམ་ཚང་མས་རང་ལུགས་གཟབ་མཆོར་གྱོན་ཏེ་ཡོང་གི་འདུག ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་རྗེས་བཙན་བྱོལ་ནང་གང་འདྲ་ཆགས་ཡོང་སྙམ་པ་དེ་སྣང་དག་མི་འདུག
བོད་མི་ཚང་མས་ཆབ་སྲིད་ཀྱི་ཐོག་དོ་སྣང་དང་འགན་འཁུར་ཧ་ཅང་ལེན་གྱི་འདུག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ཀྱི་འཁུར་བླངས་ཏེ་གཞིས་ཆགས་ཁག་གི་ནང་འཐུང་ཆུ་དང་འགྲོ་ལམ། གློག་སོགས་ཀྱི་ཆེད་རོགས་སྐྱོར་བྱེད་ཀྱི་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ངས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་རྩིས་ལེན་ཞུས་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་འགྲོ་སྐབས། ཕྱི་རྒྱལ་དཔོན་རིགས་རྣམས་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ངར་ཐུག་རྒྱུར་འཛེམ་ཟོན་བྱེད་སྲིད་ཀྱང་། ང་ཚོས་ཐབས་བྱུས་དང་འབད་བརྩོན་བྱས་མཐར་ད་ཆ་ཕྱི་རྒྱལ་ཡུལ་གྲུ་གང་དུ་ཕྱིན་ཡང་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་ཐུག་རྒྱུས་མཚོན། གྲོས་ཚོགས་འཐུས་མི། གནད་ཡོད་མི་སྣ་སོགས་ཐུག་རྒྱུ། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཁྱབ་བསྒྲགས་སོགས་ཡག་ཐག་ཆོད་ཡོང་གི་འདུག ཅེས་ཞུ་འདོད་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།།