༢༠༡༤ ཟླ་ ༡༢ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གར་བལ་ཡུལ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༡ ཉིན་བཏང་གནང་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༡ བོད་ཟླ་ ༡༠ ཚེས་ ༡༩ ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་བལ་ཡུལ་གཞུང་གི་ཆོག་མཆན་གནང་བའི་ཐོག་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེ་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་ ༢༥ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་དང་། འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། བལ་ཡུལ་རྒྱལ་ཁབ་ཀྱི་བོད་མི་རྣམས་སྐྱབས་བཅོལ་གྱི་ངོ་བོར་སྣེ་ལེན་བྱས་ཏེ་ལོ་ངོ་ལྔ་བཅུ་ང་ལྔ་འཁོར་བའི་དུས་ཆེན་གསུམ་འཛོམས་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨་༣༠ ཐོག་རིས་མེད་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་པོ་དང་ལས་སྣེ་སྐུ་ཚབ་རྣམ་པ། ཕྱི་རྒྱལ་གཞུང་ཚབ་ཁག་གི་སྐུ་ཚབ་རྣམ་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ། ཕྱོགས་བཞུགས་བོད་མི་མང་གི་སྤྱི་ཟུར་པ་རྣམ་པ། ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་དང་འཐུས་མི། དེ་བཞིན་ས་གནས་འགོ་འཛིན་རྣམ་པ། གཞུང་ཞབས་ཟུར་པ་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། སློབ་གྲྭ་ཁག་གི་དབུ་འཛིན་སློབ་སྤྱི་དགེ་ལས་རྣམ་པ། ཧི་མཱ་ལ་ཡའི་ཆོས་དང་རིག་གཞུང་གཅིག་གྱུར་གྱི་སྤུན་གྲོགས་རྣམ་པ། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགོ་འཛིན་རྣམ་པ། སློབ་ཕྲུག སེར་སྐྱ་མི་མང་བཅས་ཁྱོན་མི་སུམ་སྟོང་ལྷག་ཙམ་སྲོང་བཙན་བལ་བཟའ་གཏན་ཉིན་སློབ་གྲྭར་འཛོམས་ཏེ་གཞུང་དགོན་དགའ་ལྡན་ཆོས་འཕེལ་གླིང་དགོན་གྱི་སེར་སྦྲེངས་དང་། བལ་ཡུལ་ལྷ་མོ་ཚོགས་པའི་རྟེན་འབྲེལ་བཀྲིས་ཞོལ་པ་དང་ལྷ་ཀླུ་གཞས་མས་བཀྲ་ཤིས་པའི་གླུ་དབྱངས་གྱེར་བཞིན་སློབ་གྲྭའི་ལས་ཁུངས་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་སྔོན་བསུས་ཏེ་དུང་རྒྱ་སེར་སྦྲེངས་དང་བཅས་བཞུགས་ཁྲིར་མངའ་གསོལ་མཛད་། དེ་རྗེས་སྐྱབས་གནས་བླ་སྤྲུལ་དགེ་འདུན་རྣམས་ནས་འཁྲུས་གསོལ་དང་། སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་དང་བལ་ཡུལ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་དབུས་གཞན་སྐུ་མགྲོན་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་བླ་སྤྲུལ་དགེ་འདུན་རྣམས་ནས་ཞབས་བརྟན་གསོལ་འདེབས་དང་སྦྲགས་སྐུ་མགྲོན་རྣམས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རིམ་བཞིན་མཇལ་དར་བསྒྲོན། དེ་ནས་སྲོང་བཙན་བལ་བཟའ་གཏན་ཉིན་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་བལ་བོད་གཉིས་ཀྱི་རྒྱལ་གླུ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་ཕུལ་། སྔ་དྲོ་ཆུ་ཚོད་ ༡༠ པར༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དབུས་སྐུ་མགྲོན་དང་སེར་སྐྱ་མི་དམངས་རྣམས་ལ་རྟེན་འབྲེལ་གྱི་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་པ་དང་སྦྲགས་བལ་ཡུལ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་མཆོད་རྟེན་ས་གནས་འཐུས་མི་ཚོགས་གཙོ་ཁང་སྐྱིད་རྟ་མགྲིན་ལགས་ཀྱི་བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་། དེ་ནས་སྐུ་མགྲོན་གྱི་གཙོ་བོ་༸སྐྱབས་རྗེ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་ནས་བླང་དོར་བཀའ་སློབ་གནང་རྗེས་། བལ་ཡུལ་ནང་གི་གཞུང་འབྲེལ་གཏན་ཉིན་སློབ་གྲྭ་བཞི་དང་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ། ས་གནས་གཞོན་ནུ་བུ་མེད་ཚོགས་པའི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཚུལ་དུ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གཞས་སྣ་ལེའུ་བཅུ་གཉིས་འཁྲབ་སྟོན་གནང་། ཉིན་རྒྱབ་ཆུ་ཚོད་ ༢་༠༠ པའི་ཐོག་བཀྲིས་པའི་རྣམ་ཐར་དང་སྦྲགས་ཀི་བསོའི་ལྷ་རྒྱལ་འཐེན་ཏེ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་སློབ་གྲྭའི་ལས་ཁུངས་སུ་གདན་ཞུས་ཀྱི་གཞུང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡང་མི་མང་ཕོན་ཆེས་སྒོར་གཞས་འཁྲབ་ཀྱིན་ཆུ་ཚོད་ ༣་༣༠ བར་དུས་སྟོན་ལ་རོལ་འདུག