༢༠༡༤ ཟླ་ ༡༢ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་ཉིན་གཉིས་པའི་སྐབས་སོག་པོའི་ཆོས་ཞུ་བ་ཚོར་ཆེན་པོ་ཧོར་གྱི་བསྟན་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་རིན་པོ་ཆེའི་ཡང་སྲིད་སོག་ཡུལ་ནང་འཁྲུང་རྒྱུ་ཡིན་སྐོར་བཀའ་སློབ་སྩལ་དོན། ཁལ་ཁ་རྗེ་བཙུན་སྐུ་གོང་མ་དེ་ངོས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ངོས་རང་ལོ་བཅུ་གྲངས་ཡིན་དུས་རྗེ་བཙུན་དམ་པ་ལོ་བཅོ་ལྔ་ཙམ་ཡིན་པ་ཡོད། སྐབས་དེ་དུས་ནས་ངེད་གཉིས་ངོ་ཤེས་ཡིན། ཁོང་རྒྱ་གར་ལ་ཕེབས་རྗེས་བསྟན་པའི་ཞབས་འདེགས་ཧ་ཅང་ཡག་པོ་བསྒྲུབས་སོང་། གལ་ཏེ་ངོས་ཀྱིས་བརྗོད་ཆོག་ན་ངོས་ཀྱི་བསམ་བློར་གང་ཡོད་པ་རིན་པོ་ཆེས་དེ་བཞིན་གནང་གི་རེད། རིན་པོ་ཆེ་ཁ་ལ་ཉན་པོ་དང་དམ་ཚིག་གཙང་མ་ཧ་ཅང་ཡག་པོ་ཡོད།
རིན་པོ་ཆེ་མ་གཤེགས་གོང་ངོས་རང་མཇལ་རྒྱུ་བྱུང་སྐབས་ངོས་ཀྱིས་རིན་པོ་ཆེར། སྐུ་གཟུགས་ཧ་ཅང་སྐྱོ་པོ་འདུག སྐུ་ཚེ་རྗེས་མའི་དགོངས་པ་བཞེས་རྒྱུའི་དུས་ཚོད་བསླེབས་འདུག ཡང་སྲིད་རྗེས་མ་ཡིན་གཅིག་སོག་ཡུལ་ནང་འཁྲུངས་ཐུབ་པ་བྱེད་དགོས། ཞེས་ཞུས་པ་ཡིན། རིན་པོ་ཆེ་ཏན་ཏན་སོག་ཡུལ་ནང་འཁྲུངས་ཀྱི་རེད། སོག་ཡུལ་ནང་འཁྲུང་རྒྱུའི་མཚན་མ་དེ་འདྲ་ཡང་འདུག ཁྱེད་རང་ཚོས་གལ་ཆེ་ཤོས་དགེ་བ་ཡག་པོ་སྒྲུབ་དགོས། དགེ་བ་སྒྲུབ་པར་སློབ་གཉེར་ཡག་པོ་བྱེད་དགོས། དམིགས་བསལ་ཞབས་རིམ་བྱེད་རྒྱུ་ཡིན་ན་ཁྱེད་རང་ཚོ་སྐྱ་སེར་ཚང་མས་འཇམ་དཔལ་མཚན་བརྗོད་གསོག་བསྒྲུབ་བྱས་ཚེ་ཡང་སྲིད་འཕྲུལ་མེད་ཕེབས་རྒྱུར་ཕན་ཐོགས་ཡོད།
ཡང་སྲིད་ཕེབས་རྗེས་སོག་ཡིག་ཐོག་བསྒྱུར་པའི་གཞུང་དེ་དག་བསླབ་དགོས་ཀྱི་ཡོད། ལམ་སེང་ཁྲི་ཐོན་པོའི་སྟེང་ཡོན་ཏན་རྩ་བ་ནས་མེད་པའི་རྗེ་བཙུན་དམ་པ་གཅིག་བཞག་ན་ཕན་ཐོགས་མེད། ༸གོང་ས་ལྔ་པ་ཆེན་པོས་ཁོང་ལ་ཡོད་པའི་ཤེས་ཡོན་དེ་དག་བསླབ་ནས་ཤེས་པ་ཞིག་ཡིན་པ་ལས། ཁྲི་ཐོན་པོའི་སྟེང་བཞུགས་ཏེ་མ་བསླབ་པར་མཁྱེན་པ་ཞིག་མིན། ཞེས་དུས་རྟག་ཏུ་འདི་ལྟར་གསུངས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་མུ་མཐུད་མཛད་ཡོད། སྤྱིར་ཆེན་པོ་ཧོར་གྱི་བསྟན་བདག་དང་ཇོ་ནང་ཆོས་བརྒྱུད་ཀྱི་བསྟན་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༢ ལོར་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་དུར་དགའ་ལྡན་ཐེག་ཆེན་གླིང་དགོན་པར་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་ཡོད།