༢༠༡༤ ཟླ་ ༡༢ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ལྡི་ལི་བརྒྱུད་རོམ་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༡ རེས་གཟའ་ཟླ་བའི་ཉིན་ཧི་མཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ཚོགས་ཆུང་གི་འགན་འཛིན་གཞོན་པ་སྐུ་ཞབས་ཝི་ཇེ་སིངྒ་མན་ཀོ་ཊི་ཡ་ Mr. Vijay Singh Mankotia མཆོག་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་དང་། གཞན་ཡང་ས་གནས་གསར་ཤོག་ཁག་ནས་གནས་ཚུལ་ཐོན་གསལ་ལ། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་དང་སྟབས་བསྟུན། ཧི་མཱ་ལ་ཡའི་དུས་སྟོན་གོ་སྒྲིག་ཞུ་བཞིན་ཡོད་སྐོར་དང་། ཐེངས་འདིར་ཧི་མཱ་ལ་འི་དུས་སྟོན་གོ་སྒྲིག་ཞུ་དགོས་དོན་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་ ༢༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་ཆེད་ཡིན་སྐོར་སོགས། འབྲེལ་ཡོད་བརྒྱུད་ལམ་ཁག་ནང་གསལ་བསྒྲགས་གནང་འདུག
སྤྱིར་དེ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་གཙུག་ལག་ཁང་དུ་ནོ་བེལ་ཞི་བདེའི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་ཆིབས་སྒྱུར་བསྐྱངས་ནས་ཧི་མཱ་ལ་ཡའི་དུས་སྟོན་དབུ་འབྱེད་མཛད་གཏན་འཁེལ་ཡོད་ཀྱང་། ཕྱི་ཚེས་ ༨ ཉིན་གཡོལ་ཐབས་མེད་པའི་མཛད་རིམ་ཆེད་ལྡི་ལིར་ཆིབས་འཐོན་དང་། ཕྱི་ཚེས་ ༩ ཉིན་ལྡི་ལིར་མཛད་འཕྲིན་བསྐྱངས་རྗེས་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནས་ཉིན་གཉིས་རིང་བཞུགས་སྒར་དུ་ཧི་མཱ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། སྐབས་དེར་ཧི་མཱ་ཅལ་དང་། ཨ་རུ་ནཱ་ཅལ། འབྲས་ལྗོངས། ཨུཏྟར་ཁཎྜ། ཇམ་མུ་ཀ་ཤི་མིར། པན་ཇབ། རཱ་ཇི་སི་ཐན་བཅས་མངའ་སྡེ་བདུན་ནས་རིག་གཞུང་འཁྲབ་སྟོན་པ་མི་གྲངས་ ༢༣༠ ཙམ་མཉམ་ཞུགས་གནང་རྒྱུ་མ་ཟད། ཨུ་རུ་སུ་དང་། སོག་པོ། འབྲུག ཁལ་མུཀ རྒྱ་གར། བལ་པོ་བཅས་ཡུལ་གྲུ་ཁག་ནས་ཀྱང་རིག་གཞུང་འཁྲབ་སྟོན་གནང་རྒྱུ་ཡིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ལོ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུའི་དྲིལ་བསྒྲགས་གནང་ཟིན་སྟབས། འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོ་དེ་དམིགས་བསལ་གྱི་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུའི་གྲ་སྒྲིག་ཞུ་བཞིན་ཡོད་འདུག ཐེངས་འདིར་དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ཝིར་བྷདྲ་སིངྒ་ (Virbhadra Singh) མཆོག་ཆེད་ཕེབས་གནང་རྒྱུ་དང་། གཞན་ཡང་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་འདུག