༢༠༡༤ ཟླ་ ༡༢ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁོར་ཡུག་ཚན་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༨ རེས་གཟའ་ཟླ་བའི་ཉིན་རྡ་ས་མེག་གྷན་ཁྲོམ་གཞུང་དང་ཉེ་འཁོར་ས་གནས་ཁག་གཙང་བཟོའི་ལས་འགུལ་ཞིག་སྤེལ་སོང་།
དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་མན་ཀོ་ཊི་ཡ་ལགས་དང་རྡ་ས་ས་གནས་འགོ་འཛིན་སོ་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་འགན་ཁུར་གཙོ་ལེན་གྱིས་རྡ་སའི་གླ་རྒྱུག་བ་ཆེ་བ་ (Taxi) དང་ཆུང་བ་ (Auto Union) གཉིས་ཀྱི་ཚོགས་པ་དང་། བོད་མི་དང་ས་གནས་ཡུལ་མིའི་ཚོང་པའི་ལྷན་ཚོགས།
རྡ་ས་ཁོར་ཡུག་ཚོགས་པ་དང་བོད་མི་ཐང་ཁྲོམ་ཚོགས་པ་བཅས་ཀྱི་ཚོགས་མི་བཅས་ཁྱོན་མི་གྲངས་ ༡༥༠ ལྷག་གིས་གད་སྙིགས་གང་བྱུང་གཏོར་བ་རྣམས་འགྲུག་པ་དང་། གཙོག་ཆུ་རྒྱུག་ལམ་གཤང་བ། འགྱིག་ཤོག་དང་ཤེལ་དམ་སོགས་གད་སྙིགས་རྣམས་བསྒྲུགས་ནས་རས་ཁུག་ནང་བླུགས་ཏེ་ཁོར་ཡུག་མཛེས་སྡུག་ལྡན་པ་ཞིག་བཟོ་སྒོ་བཙུགས་ཡོད། དེ་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་མན་ཀོ་ཊི་ཡ་ལགས་ཀྱིས་འདི་གའི་གསར་འགོད་པར་གསུང་དོན། ང་ཚོས་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཕྱི་ཟླ་ ༡༢ ཚེས་ ༡༠།༡༡ ཉིན་རྡ་སའི་ཁུལ་དུ་རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་རྒྱུ་རེད།
དུས་སྟོན་དེ་ཡང་གཙོ་བོ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བའི་དུས་ཚིགས་འཁེལ་བཞིན་པ་དེར་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་གྱི་ཆ་ཤས་ཤིག་ལ་གཙོ་བོར་དམིགས་པ་ཞིག་ཡིན་པ་དང་། ལྷག་པར་རྡ་ས་ནི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཞུགས་སྒར་ཆགས་ཡོད། དེར་བརྟེན་གོ་སྐབས་བཟུང་ནས་ང་ཚོས་ཐེངས་འདིར་རྡ་སའི་གཡས་གཡོན་ཁོར་ཡུག་རྣམས་གཙང་མ་བཟོ་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད། ལས་འགུལ་འདིའི་ནང་རྒྱ་གར་དང་བོད་མི་གཉིས་ཀ་ཡོད། ཅེས་གསུང་བྱུང་བ་བཅས།།