ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཙམ་ལ་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྟའུ་ཉ་མཚོ་དགོན་པར་ཡོད་པའི་རྒྱ་ནག་གི་ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་ལས་ཁུངས་མདུན། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་སྤྲོད་དགོས། ཞེས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཙམ་ལ། ཕ་ཚེ་དབང་རྡོ་རྗེ་ལགས་དང་། མ་བྱམས་པ་ལྷ་མོ་ལགས་ཀྱི་བུ་དགུང་ལོ་ ༣༢ ཙམ་ཡིན་པར་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རིང་པོ་མ་སོང་བར་མེ་ལྕེ་ཆེན་པོའི་ཁྲོད་ས་ལ་འགྱེལ་ཡོད་པ་དང་། དེ་ནས་ས་གནས་བོད་མི་མང་པོ་འཛོམས་ནས་ཁོང་བདག་པོ་རྒྱག་ཐབས་བྱེད་སྐབས་དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་འབྱོར་ནས་གནམ་ལ་མེ་མདའ་བརྒྱབ་ནས་བོད་མི་ཚོ་ཁ་འཐོར་བཏང་སྟེ་ཕུང་པོ་བཙན་འཁྱེར་བྱས་འདུག
དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་སྐུ་ནོར་ཡུལ་ཚོའི་ཐེ་ཝ་གྲོང་པ་ནས་ཡིན་པ་དང་། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་ལ་ཕེབས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང་། རྗེས་སུ་ཕྱིར་ཕ་ཡུལ་ལ་ལོག་སྟེ་སྨྱུང་གནས་བླ་མ་གནང་བ་དང་། དེ་བཞིན་ས་གནས་བོད་མི་ཚོར་ཆོས་བཤད་དང་། དཔེ་ཁྲིད། རིག་གནས་འཆད་སྤེལ་སོགས་ཀྱི་ཕྱག་ལས་གནང་བར་ས་གནས་བོད་མི་ཚོས་གུས་བརྩི་ཆེན་པོ་གནང་ས་ཞིག་ཡིན་འདུག