༢༠༡༤ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་ཧི་མཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་གོ་སྒྲིག་འོག ཉིན་གཉིས་རིང་གི་རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༠༠ ཐོག་ཧི་མཱ་ཅལ་མངའ་སྡེའི་དཔོན་རིགས་ཁག་གཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། དེ་བཞིན་རྡ་ས་ཁུལ་གྱི་རྒྱ་གར་བ་དང་བོད་མི་བཅས་ཁྱོན་མི་ ༡༠༠༠ བརྒལ་བ་འདུ་འཛོམས་ཀྱིས། ཐོག་མར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སུ་དྷིར་ཤཱར་མཱ་ ( Sudhir Sharma, minister for Urban Development and tourism) མཆོག་གིས་དུས་སྟོན་དབུ་འབྱེད་གནང་ཡོད།
དུས་སྟོན་གྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱ་གར་དང་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་འགྲེམས་སྟོན་ཞུས་པའི་ཡུལ་ལུང་སོ་སོའི་ཐོན་རྫས་དང་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ། སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མིའི་སྒྲིག་འཛུག་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགྲེམས་སྟོན་ཡང་དབུ་འབྱེད་་གནང་ཡོད། ཐེངས་འདིའི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགྲེམས་སྟོན་གྱི་ནང་དོན་གཙོ་བོ་ནི། བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་བཟུང་ད་བར་འཕགས་བོད་གཉིས་ཀྱི་འབྲེལ་ལམ་གཙོ་བོར་འགྱུར་བའི་རྒྱ་གར་ནས་བོད་ལ་ནང་ཆོས་གཙོ་བོར་གྱུར་བའི་རིག་གཞུང་ཁག་དར་ཚུལ་དང་། དེ་སྔ་རྒྱ་གར་དབྱིན་ཇིའི་གཞུང་དང་བོད་བར་འབྲེལ་བ་ཇི་བྱུང་། བོད་མི་བཙན་བྱོལ་དུ་འབྱོར་རྗེས་རྒྱ་གར་གཞུང་དང་འབྲེལ་ལམ་ཇི་བྱུང་དང་རྒྱ་གར་དཔོན་རིགས་ཚོས་བོད་ཐོག་རྒྱབ་སྐྱོར་ཇི་གནང་སོགས་པར་རིགས་ཀྱི་ལམ་ནས་འགྲེམས་སྟོན་གནང་ཡོད་པ་དེ་ཡང་དབུ་འབྱེད་གནང་ཡོད། དེ་རྗེས་སྐུ་མགྲོ་གཙོ་བོ་མཆོག་དང་སྲིད་སྐྱོང་མཆོག་གིས་སྣང་གསལ་ཞལ་འབྱེད་གནང་རྗེས། ཧི་མཱ་ཅལ་མངའ་སྡེའི་ལའོ་སི་པི་ཏིས་གཙོས་ཨ་རུ་ནཱ་ཅལ། འབྲས་ལྗོངས། ཨུཏྟར་ཁཎྜ། ཇམ་མུ་ཀ་ཤི་མིར། པན་ཇབ། རཱ་ཇི་སི་ཐན་བཅས་མངའ་སྡེ་བདུན་ནས་རིག་གཞུང་འཁྲབ་
སྟོན་གནང་ཡོད་པ་མ་ཟད། ཨུ་རུ་སུ། སོག་པོ། འབྲུག ཁལ་མུཀ བལ་པོ་བཅས་ཡུལ་གྲུ་ཁག་ནས་ཀྱང་རིག་གཞུང་འཁྲབ་སྟོན་གནང་ཡོད།