༢༠༡༤ ཟླ་ ༡༢ ཚེས་ ༢༣ རེས་གཟའ་མིག་དམར།
ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་བསོད་ནམས་རྡོ་རྗེས།
༄༅། །ཕྱི་ལོ་ ༡༩༤༩ ལོ་མཇུག་ཙམ་ནས་རྒྱ་ནག་དམར་པོའི་གཞུང་གི་དྲག་པོའི་དཔུང་ཤུགས་བོད་ནང་བཙན་འཛུལ་བྱེད་འགོ་ཚུགས་པ་དང་། ༡༩༥༡ ལོར་བཙན་གནོན་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་དགོས་བྱུང་རྗེས་རྒྱ་ནག་གཞུང་དང་བསྟུན་གཤིབས་ཀྱིས་མཉམ་སྡོད་བྱས་ཡོད་རུང་། རྒྱ་ནག་གཞུང་ཕྱོགས་ནས་གྲོས་མཐུན་གྱི་དོན་ཚན་ཁག་བརྡལ་བཤིག་བཏང་བར་བརྟེན། བོད་མི་རྣམས་མུ་མཐུད་གནས་ཐབས་བྲལ་ཏེ་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་དུ་འབྱོར། དུས་དེ་ནས་བཟུང་བོད་མི་རིགས་ཀྱི་ཆེད་རང་དབང་འཐབ་རྩོད་གནང་སྟེ་བོད་ཀྱི་གནད་དོན་དང་བདེན་མཐའ་ནི་རྒྱ་མི་རིགས་དང་འབྲེལ་མོལ་བྱས་ནས་གསལ་ཐབས་བྱ་རྒྱུ་དང་དེ་ཡང་གཉིས་སྨན་གྱི་ཐབས་ལམ་ཞིག་འཛིན་རྒྱུའི་དགོངས་གཞི་ཡོད་ཐོག ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་གཙོ་འཛིན་ཏེང་ཞའོ་ཕིང་གིས་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་བརྒྱུད།
བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་མོལ་བརྒྱུད་ཐག་གཅོད་བྱེད་ཆོག ཅེས་གྲོས་འགོ་བཏོན་པ་གཞིར་བཟུང་། རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བཙུགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཁག་ལ་རྟོག་ཞིབ་ཆེད་ཕྱི་ལོ་ ༡༩༧༩ ནས་ ༡༩༨༥ ལོ་བར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ལྟ་སྐོར་ཚོགས་ཆུང་སྔ་རྗེས་ཐེངས་བཞི་བོད་མདོ་དབུས་ཁམས་གསུམ་ནང་ཆེད་གཏོང་མཛད་ཐུབ་པ་དང་། དེ་མཚུངས་ཕྱི་ལོ་ ༡༩༨༢ དང་ ༡༩༨༤ ལོར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་གྲོས་མོལ་རྟོག་ཞིབ་ཚོགས་ཆུང་ཐེངས་གཉིས་ཕེབས་ཐུབ་པ་བྱུང་ཞིང་། ཕྱི་ལོ་ ༡༩༩༣ ཟླ་ ༨ བར་ཕན་ཚུན་དབར་གྱི་ཐད་ཀའི་འབྲེལ་ལམ་མུ་མཐུད་གནས་པ་མ་ཟད། གཞིས་བྱེས་གཉིས་དབར་འགྲོ་འོང་སོགས་ཀྱི་གྲུབ་འབྲས་རྒྱ་མི་ཆུང་བ་ཞིག་བྱུང་ཡོད། དེ་རྗེས་རྒྱ་ནག་གཞུང་ཕྱོགས་ནས་སྐུ་ཚབ་ལྟ་སྐོར་ཚོགས་ཆུང་ཕེབས་རྒྱུར་ངོས་ལེན་མ་བྱས་སྟབས་རེ་ཞིག་ཕན་ཚུན་གྱི་འབྲེལ་ལམ་ཆད། དེ་རྗེས་སླར་ཡང་འབྲེལ་མོལ་མཐུད་ཐུབ་པ་བྱུང་སྟེ་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་སྔ་རྗེས་དངོས་སུ་འབྲེལ་མོལ་ཐེངས་ ༩ བྱུང་ཡོད་ཁོངས། ༢༠༠༨ ལོའི་ཕྱི་ཟླ་ ༧ པའི་ནང་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་གཞུང་གིས་བོད་མིའི་ངོས་ནས་རང་སྐྱོང་གི་རྣམ་པ་གང་འདྲ་ཞིག་རྩོད་ཀྱི་ཡོད་མིན་ཡིག་ཐོག་གསལ་འདོན་དགོས་པའི་རེ་འདུན་བཏོན་པ་ལྟར། ལོ་དེའི་ཕྱི་ཟླ་ ༡༠ པའི་ནང་འབྲེལ་མོལ་ཐེངས་བརྒྱད་པའི་ཐོག་བོད་མིའི་སྐུ་ཚབ་ཚོས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞེས་པ་དེ་རྒྱའི་སྐུ་ཚབ་ཚོར་སྤྲད་ཡོད་པར། རྒྱ་ནག་གཞུང་ཕྱོགས་ནས་བསམ་འཆར་གྱི་ཡིག་ཆར་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་སྟབས། ༢༠༡༠ ཕྱི་ཟླ་དང་པོའི་ནང་འབྲེལ་མོལ་ཐེངས་དགུ་པའི་སྐབས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་སྤྲད་ཡོད། བརྒྱུད་རིམ་དེ་དག་ནང་རང་ཕྱོགས་ནས་མེས་ཚིགས་མེར་གཏུགས་དང་ལྷག་བསམ་ཟོལ་མེད་ཀྱིས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་སླད་རྒྱ་ནག་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ལམ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་མིའི་ངོས་ནས་བོད་རང་བཙན་དང་། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན། བོད་ཆེན་པོ་རྩོད་པའི་འཁྱོག་བཤད་ལོག་འགྲེལ་གྱི་དྲིལ་བསྒྲགས་ཤུགས་ཆེ་བྱས་ཤིང་། ད་ལྟའི་ཆར་ཕན་ཚུན་གཞུང་འབྲེལ་གྱི་འབྲེལ་ལམ་ཆད་དགོས་པ་རྒྱ་ནག་གཞུང་ཕྱོགས་ནས་བཟོས་ཡོད།
གནས་སྟངས་དེ་འདྲའི་འོག་རྒྱ་ནག་གཞུང་ཕྱོགས་ལ་ཡིད་ཆེས་བྲལ་ཡང་། རྒྱ་ནག་མི་མང་གིས་བོད་ཀྱི་གནད་དོན་ངོ་མ་ཤེས་རྟོགས་ཐུབ་པ་བརྒྱུད་རྒྱབ་སྐྱོར་ཐོབ་རྒྱུ་ཤིན་ཏུ་གལ་གནད་ཆེ་བར་འཛིན་ཏེ། ཕྱི་ཕྱོགས་སུ་ཡོད་པའི་རྒྱ་མི་རིགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་གཞུང་གི་སྐུ་ཚབ་དོན་གཅོད་ཁང་ཡོད་མུས་ཐོག་རྒྱ་རིགས་གནས་སྡོད་མང་པའི་རྒྱལ་ཁབ་ཨ་རི་དང་། ཨོ་སི་ཊོ་ལི་ཡ། ཡུ་རོབ་བཅས་ནང་ཆེད་དུ་དམིགས་ཏེ་རྒྱ་རིགས་འབྲེལ་མཐུད་པ་གསུམ་གསར་འཛུགས་གནང་སྟེ་འབྲེལ་ལམ་རྒྱ་མི་ཆུང་བ་བྱས་དང་བྱེད་མུས་ཡིན་པ་དང་། ཕྱི་དྲིལ་ལས་ཁུངས་ནང་རྒྱ་ཡིག་ཚན་པའི་ལས་གཞི་རྒྱ་ཆེ་རུ་བཏང་ནས་ལས་བྱེད་འཕར་སྣོན་བསྐོ་གཞག་སོགས་གནང་སྟེ་ལས་དོན་སྤེལ་བཞིན་པའི་ནང་། རྒྱ་ཡིག་གི་དེབ་དང་། དུས་དེབ། དྲ་རྒྱ་སོགས་སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་ཐོག་ནས་རྒྱ་མི་རིགས་ལ་གཙོ་བོ་དབུ་མའི་ལམ་གྱི་སྲིད་བྱུས་སོགས་དྲིལ་བསྒྲགས་དང་འབྲེལ་བ་ཞུ་བཞིན་ཡོད་ལ། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཀྱང་དེ་འབྲེལ་གྱི་ལས་དོན་ཐོག་ཤུགས་གནོན་རྒྱག་བཞིན་ཡོད་པ་རེད།
དེ་བས་གལ་ཆེ་བ་ཞིག་ལ་རྒྱ་ནག་གཞུང་ཕྱོགས་ནས་བོད་རྒྱ་འབྲེལ་མོལ་བྱ་རྒྱུར་དོན་དམ་པའི་ཡིད་ཆེས་དང་འབྲེལ་ལམ་དམ་ཟབ་བྱེད་ཀྱི་མེད་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་རྒྱལ་སྤྱིའི་སྟེང་ཆེད་ཕེབས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྲིད་གཞུང་གི་གནད་ཡོད་མི་སྣ་ཁག་དང་། གྲོས་ཚོགས་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་དང་། དེ་བཞིན་ལས་རིགས་འདྲ་མིན་ཐོག་ཡོད་པའི་ཕྱི་སྡོད་རྒྱ་མི་རིགས་དང་། སློབ་ཕྲུག་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐུག་འཕྲད་གནང་སྟེ། གཙོ་བོ་༸གོང་ས་མཆོག་གི་དགོངས་གཞི་བསྒྲུབ་ཐབས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཏེ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བའི་གཉིས་ཕན་དབུ་མའི་ལམ་གྱི་བྱུང་རིམ་དང་། རྒྱབ་ལྗོངས། བོད་ནང་གི་བོད་མིའི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་ཞིབ་ཕྲ་གནང་སྟེ་རྒྱ་གཞུང་གི་བདེན་པ་མིན་པའི་འཁྱོག་བཤད་རྣམས་འཐེར་འདོན་བྱེད་ཐུབ་པ་བྱུང་ཡོད།
དེ་ལྟར་ལོ་མང་པོའི་རིང་འབད་བརྩོན་བྱས་འབྲས་སུ་རྒྱལ་སྤྱི་དང་ལྷག་དོན་བློ་གཟུ་བོར་གནས་པའི་རྒྱ་མི་རིགས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད། དེ་ཡང་ཕྱི་ལོ་ ༢༠༡༠ ལོ་དང་ ༢༠༡༡ ། ༢༠༡༤ ལོ་སོ་སོར་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཛོམས་ཐེངས་གསུམ་མཛད་སྐབས། ཕོ་བྲང་དཀར་པོའི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་༸གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་བཞེད་དང་། འཚེ་མེད་ཞི་བ། རྒྱ་ནག་གཞུང་དང་མཉམ་གྲོས་བསྡུར་མུ་མཐུད་གནང་རྒྱུའི་ཆོད་སེམས་ལ་སྲིད་འཛིན་གྱིས་གཟེངས་བསྟོད་ཞུས་ཡོད། ཅེས་དང་། ཐད་ཀར་འབྲེལ་མོལ་བརྒྱུད་ཕན་ཚུན་དབར་གྱི་མི་མཐུན་པ་རྣམས་སེལ་ཐབས་བྱེད་པ་དང་། དོན་སྙིང་ལྡན་པའི་འབྲེལ་མོལ་བྱེད་རྒྱུ་དེ་རྒྱ་ནག་དང་བོད་མི་མང་གཉིས་ཀའི་ཁེ་ཕན་ཡིན་ཞེས་སོགས་གསུངས་ཡོད། དེ་བཞིན་ཉེ་བའི་ཆར་ཨ་རི་རྒྱལ་ཁབ་ཀྱིས་གཙོས། ཡུ་རོབ་སྤྱི་མཐུན། ཕ་རན་སི། ཉི་ཧོང་། ཨོ་སི་ཊོ་ལི་ཡ། བྷ་འཛིལ། ནེའུ་ཛི་ལན་ཌི་སོགས་ནས་རྒྱ་ནག་གཞུང་ལ་འབྲེལ་མོལ་བརྒྱུད་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་སྐུལ་མ་གནང་ཡོད། གཞན་ཡང་རྒྱ་མི་རིགས་དང་འབྲེལ་བའི་ལས་དོན་ཐོག་གྲུབ་འབྲས་གང་ཙམ་ཐོན་ཐུབ་ཡོད། དཔེར་ན་གཞི་རྒྱ་ཆེ་ཆུང་ལ་མ་༒ལྟོས་པར་བོད་རྒྱ་མཐུན་ཚོགས་ཁག་གཅིག་གསར་འཛུགས་ཞུ་ཐུབ་པ་བྱུང་བ་སྟེ། བྱང་ཨ་རིའི་ནང་ཚོགས་ཁག་ ༣ དང་། ཨོ་སི་ཀྲོ་ལི་ཡའི་ནང་ཁག་ ༣ ཡུ་རོབ་ནང་ཁག་ ༢ དེ་བཞིན་ཐེ་ཝན་དང་ཧོང་ཀོང་སོགས་ནང་བོད་རྒྱ་མཐུན་ཚོགས་བཙུགས་ཡོད།
བོད་རྒྱ་མི་རིགས་མཉམ་འཛོམས་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་སྟེ། བོད་རྒྱ་མི་རིགས་དབར་ཕན་ཚུན་བགྲོ་གླེང་ལྷུག་པོ་དང་བསམ་འཆར་བསྡུ་ལེན་བྱས་ཏེ། ཚོགས་ཞུགས་གནང་མཁན་ཕལ་ཆེ་བས་བོད་རྒྱའི་དཀའ་རྙོག་དེ་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་སེལ་རྒྱུ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། རྩོམ་ཡིག་འབྲི་སྤེལ་གནང་ཡོད། དཔེ་མཚོན་ཞིག་དྲངས་ན། རྒྱ་ནག་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཡཱང་ཅན་ལི་ལགས་ཀྱིས་བཙུགས་པའི་སྤྱི་དམངས་སྟོབས་ཤུགས་ཞེས་པའི་ཚོགས་པ་ནས་འགན་ཁུར་དང་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ད་བར་ཐེངས་དགུ་ཨ་རི་དང་། ཐེ་ཝན་སོགས་ནང་བསྐོང་ཚོགས་གནང་བའི་ཐོག་རང་གཞུང་གི་མཛད་གཙོ་རྣམ་པ་དང་། ལས་བྱེད། གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་སོགས་གདན་ཞུ་གནང་བ་མ་ཟད། བོད་ཀྱི་གནད་དོན་གལ་ཆེར་རྩིས་ཏེ་ཚོགས་འདུའི་ལས་རིམ་ནང་ལོགས་སུ་སྡེ་ཚན་ཟུར་འཛུགས་ཀྱིས་བགྲོ་གླེང་གོ་སྒྲིག་གནང་གི་ཡོད། དེ་ནི་རྒྱ་མི་རིགས་ངོས་ནས་གོ་སྒྲིག་གནང་བའི་ཚོགས་འདུ་ཞིག་ཡིན། དེ་བཞིན་བོད་མིའི་སྒྲིག་འཛུགས་ངོས་ནས་གོ་སྒྲིག་གནང་བ་སྟེ། ༢༠༠༩ ལོར་སུད་སི་འཇི་ནི་ཝར་བསྐོང་ཚོགས་གནང་བའི་༼མཐུན་མོང་གི་གཞི་རྟེན་འཚོལ་བ། བོད་རྒྱ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་༽ལ་ཚོགས་ཞུགས་གནང་མཁན་ཚོས་བོད་རྒྱའི་གནད་དོན་སེལ་རྒྱུར་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་བ་དང་། ཚོགས་མགོན་དུ་༸གོང་ས་མཆོག་ཆིབས་བསྒྱུར་དང་བཀའ་སློབ།
དེ་བཞིན་གསར་འགོད་ལྷན་ཚོགས་ཐོག་བཀའ་ལན་བཅས་སྩལ་བ་མ་ཟད། ཚོགས་འདུའི་མཇུག་བསྡོམས་ཉིན་མོར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཚོགས་ཞུགས་རྣམ་པའི་དྲི་བ་བོད་ཆེན་པོ་ཟེར་བ་སོགས་ཀྱི་སྐོར་ལ་ལན་འདེབས་གསལ་བཤད་གནང་ཡོད། ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་གནང་མཁན་རྣམས་རང་རང་ས་གནས་སུ་ཕྱིར་ལོག་རྗེས་རྒྱ་མི་རིགས་ ༢༠ ཙམ་གྱིས་བོད་དང་འབྲེལ་བའི་རྩོམ་ཡིག་བྲིས་ཏེ་གསར་འགྱུར་བརྒྱུད་ལམ་འདྲ་མིན་ཐོག་བཀོད་ཐོན་བྱུང་ཡོད། དེ་དེ་བཞིན་ ༢༠༡༤ ལོར་ཇར་མན་གྲོང་ཁྱེར་ཧམ་སྦག་ཏུ་བསྐོང་ཚོགས་གནང་བའི་ཐེངས་གཉིས་པའི་༼མཐུན་མོང་གི་གཞི་རྟེན་འཚོལ་བ། བོད་རྒྱ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་༽ཡི་མགྲོན་གྱི་གཙོ་བོ་༸གོང་ས་མཆོག་ཆིབས་སྒྱུར་བཀའ་དྲིན་ཆེ་ཐོག་བཀའ་སློབ་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་ཕྱི་དྲིལ་བཀའ་བློན་སོགས་ཚོགས་ཞུགས་གནང་སྟེ་གསུང་བཤད་དང་། བོད་དོན་སྐོར་བགྲོ་གླེང་ལྷུག་པོ་བྱུང་ཡོད་ལ། གོང་མཚུངས་རྒྱ་མི་རིགས་ཀྱིས་བོད་དོན་སྐོར་རྩོམ་ཡིག་བྲིས་ཏེ་གསར་འགྱུར་བརྒྱུད་ལམ་ཐོག་བཀོད་ཐོན་བྱུང་ཡོད།
གོང་གསལ་ཚོགས་འདུ་ཁག་ལ་ཚོགས་བཅར་གནང་མཁན་ཁོངས་ཕྱི་རྒྱལ་ཡུལ་གྲུ་གང་སར་གནས་སྡོད་རྒྱ་རིགས་དང་། བོད་མི། དེ་བཞིན་རྒྱ་ནག་སྐམ་ས་དང་། ཧོང་ཀོང་། མེའི་ཁོའོ། ཐེ་ཝན་སོགས་ནས་རྒྱ་མི་རིགས་ཀྱིས་མཉམ་ཞུགས་གནང་ཡོད། ༢༠༠༨ ལོ་ནས་བོད་ས་ཁྱོན་ཡོངས་ལ་བོད་མིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་བར། རྒྱ་ནག་གཞུང་གིས་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་རྡུང་རྡེག་ཚ་ནན་བཏང་ཡང་། རྒྱ་ནག་ཕྱི་ནང་གཉིས་སུ་བློ་གཟུ་བོར་གནས་པའི་རྒྱ་མི་རིགས་ཤེས་ཡོན་ཅན་སོགས་ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་སླད་རྩོམ་ཡིག་ཆིག་སྟོང་བརྒལ་བ་འབྲི་རྩོམ་གནང་སྟེ་བརྒྱུད་ལམ་སྣ་མང་ནས་ཁྱབ་སྤེལ་གནང་ཡོད། དཔེར་ན། རྒྱ་ནག་གཞུང་ལ་དེབ་སྐྱེལ་ཡོད་པ་གཞུང་འབྲེལ་མིན་པའི་ཚོགས་པ་སྤྱི་དམངས་ཁྲིམས་སྒྲིག་ཞིབ་འཇུག་ལྟེ་གནས་ཞེས་པའི་མིང་ཐོག་ནས་བོད་ཁུལ་ ༣།༡༤ དོན་རྐྱེན་གྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་བྱུང་རྐྱེན་ཞིབ་འཇུག་སྙན་ཐོ་ཞེས་པའི་རྩོམ་ཡིག་སྤེལ་རྗེས་ཀྱི་དུས་ཚོད་མི་རིང་བར། རྒྱ་གཞུང་གིས་ཚོགས་པ་དེས་ཁྲལ་འབབ་འབུལ་ཆད་ཀྱི་ཉེས་མིང་འོག་དངུལ་གྱི་ཉེས་ཆད་དང་ཚོགས་པ་སྒོ་བརྒྱབ་ཏུ་བཅུག་ཡོད། ཚོགས་པ་དེའི་ཚོགས་མི་ནི་རྒྱ་ནག་ནང་ཡོད་པའི་སྐད་གྲགས་ཅན་གྱི་དགེ་རྒན་ཆེན་མོ་བ་དང་། ཁྲིམས་རྩོད་པ་སོགས་ལས་གྲུབ་པ་ཞིག་ཡིན། རྒྱ་ནག་པེ་ཅིང་དུ་གཏན་སྡོད་སྐུ་ཞབས་ཝང་ལིའི་ཞུང་ལགས་ཀྱིས་ ༢༠༠༨ ཟླ་ ༣ ཚེས་ ༢༢ ཉིན་སྤེལ་བའི་བོད་མིའི་གནས་བབ་སྐོར་གྱི་བསམ་འཆར་དོན་ཚན་བཅུ་གཉིས། ཞེས་པའི་རྩོམ་ཡིག་ལ་ང་ཚོས་ཤེས་རྟོགས་ཡོད་པ་ལྟར་ན་མི་གྲངས་ ༣༠༣ ནས་རྒྱབ་སྐྱོར་མིང་རྟགས་བཀོད་ཡོད། དེའི་ཁོངས་ནས་མི་གྲངས་༨༤ ཕྱི་རྒྱལ་ཁག་ཏུ་གནས་སྡོད་ཡིན་པ་ཕུད། དེ་མིན་གྱི་མིང་རྟགས་བཀོད་མཁན་ཚང་མ་རྒྱ་ནག་གི་ཞིང་ཆེན་དང་། གྲོང་ཁྱེར་འདྲ་མིན་ཁག་ནང་ཡོད་པའི་རྒྱ་མི་རིགས་ཤ་སྟག་ཡིན།
དེ་བཞིན་རྒྱ་ནག་ནང་གི་གྲགས་ཅན་ཤེས་ཡོན་ཅན་དང་། ཁྲིམས་རྩོད་པ་ཁག་གཅིག་གིས་གཙོ་བོའི་འགན་ཁུར་བླངས་ནས། དེང་དུས་ཀྱི་དྲྭ་རྒྱའི་མཐུན་རྐྱེན་བེད་སྤྱད་དེ་༸གོང་ས་མཆོག་དང་རྒྱ་ནག་ནང་གི་རྒྱ་མི་རིགས་དབར་ཐད་ཀར་འབྲེལ་བ་དང་། ༸གོང་ས་མཆོག་གིས་ཁོང་ཚོའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད། དེ་ཡང་ ༢༠༡༠ ཟླ་ ༥ ཚེས་ ༢༢ དང་། ལོ་དེའི་ཟླ་ ༧ ཚེས་ ༢༦ ཉིན་དེང་དུས་ཀྱི་ Twitter བརྒྱུད་ལམ་དང་། ༢༠༡༡ ཟླ་ ༡ ཚེས་ ༤ ཉིན་ Skype བརྒྱུད་ལམ་ཐོག་ནས་༸གོང་ས་མཆོག་གིས་ཐད་ཀར་རྒྱ་མི་རིགས་ཀྱིས་དྲི་བར་བཀའ་ལན་མཛད་ཡོད། རྗེས་ལ་གོ་སྒྲིག་ཞུ་མཁན་གྱིས་ལས་གཞི་གོ་སྒྲིག་གནང་བའི་བརྒྱུད་རིམ་དཔར་ལེན་བྱས་ཡོད་པ་ཕྱོགས་སྒྲིག་གིས་དུས་ཡུན་ཆུ་ཚོད་གཅིག་ལྷག་གི་དངོས་བྱུང་བརྙན་འཕྲིན་ཞིག་ཀྱང་བཟོས་ཡོད་ལ། ནང་དོན་དབྱིན་ཡིག་ཐོག་ཕབ་བསྒྱུར་གནང་ཡོད།
མཐའ་དོན་བོད་མིའི་སྒྲིག་འཛུགས་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་མཆོག་གིས་ལམ་སྟོན་མཛད་པ་དང་། གྲོས་ཚོགས་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་གཞུང་ཕྱོགས་དང་འབྲེལ་མོལ་བྱས་ཏེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སླད་འབད་བརྩོན་རིམ་པ་གནང་ཡང་རྒྱ་ནག་གཞུང་ཕྱོགས་ནས་དེར་ཆེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན། ཚད་མཐོའི་རང་སྐྱོང་སོགས་ཁ་གཡར་སྣ་ཚོགས་བྱས་ཏེ་རྒྱ་བོད་འབྲེལ་ལམ་ལ་འགལ་རྐྱེན་བཟོས་པར་བརྟེན་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་དོན་དེ་རྒྱལ་སྤྱིའི་སྟེང་མ་བསྒྲགས་ཐབས་མེད་ལ་སོང་ཕྱིའི་ཡུལ་གྲུ་ཁག་ཏུ་ཕྱོགས་ཕེབས་གནང་དང་གནང་མུས་ཡིན་ལ། དེ་བཞིན་རྒྱལ་སྤྱིའི་སྟེང་གནས་པའི་རྒྱ་མི་རིགས་རྣམས་ལ་བོད་ཀྱི་བདེན་པའི་གནས་ཚུལ་ངོ་སྤྲོད་དང་དྲང་བདེན་ལ་རྒྱབ་སྐྱོར་ཐོབ་ཐབས་ཀྱི་འབད་བརྩོན་ཞུ་མུས་ཡིན་པ་བཅས།།