༢༠༡༤ ཟླ་ ༡༢ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྟོད་གྲྭ་ཚང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འགྲེལ་བ་བཞི་སྦྲགས་ལྗགས་རྩོམ་མཛད་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་དང་འབྲེལ། སྔགས་ཀྱི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་རྗེས་དྲན་མཛད་སྒོར་༧གོང་ས་མཆོག་གིས་དབུས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་མཆོག གདན་ས་ཁག་དང་། རྒྱུད་གྲྭ་སྟོད་སྨད། སྲད་རྒྱུད་གྲྭ་ཚང་གི་མཁན་པོ་ལས་ཟུར་རྣམ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དབུས་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱིས་གཙོས་རྒྱུན་ལས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་རྣམ་པ། རྡ་སའི་ཉེ་འཁོར་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་དང་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། སྐྱ་སེར་མི་མང་བཅས་ཁྱོན་མི་ ༢༥༠༠ ཡས་མས་འདུ་འཛོམས་ཀྱིས་ཐོག་མར། རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་༧གོང་ས་མཆོག་གཙུག་ལག་ཁང་དུ་གདན་ཞུས་དང་འབྲེལ་རྟེན་གཙོ་ཁག་གི་མདུན་དུ་སྣང་གསལ་ཞལ་ཕྱེ་མཛད་རྗེས་བཞུགས་ཁྲིར་འཁོད་མཚམས་མཎྡལ་རྟེན་གསུམ་འདེགས་འབུལ་དང་འབྲེལ། སྲད་རྒྱུད་གྲྭ་ཚང་དང་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་དགེ་འདུན་པ་ཚོས་རྒྱུད་ཀྱི་ཤིས་ཚིག་གསུང་འདོན་གནང་། མ་འོངས་པར་རྒྱུད་ཀྱི་འཆད་ཉན་དར་རྒྱས་ཡུན་གནས་ཡོང་བའི་རྟེན་འབྲེལ་མཚོན་ཆེད་༧གོང་ས་མཆོག་ནས་རྒྱུད་པ་གྲྭ་ཚང་གསུམ་གྱི་མཁན་པོ་རྣམས་ལ་འགྲེལ་དབང་དང་བཅས་འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ་གསོལ་སྩལ་གྲུབ་མཚམས། རྒྱུད་སྟོད་མཁན་པོ་བྱ་དོ་རིན་པོ་ཆེ་མཆོག་གིས་རྗེས་དྲན་དུས་སྟོན་གྱི་ངོ་སྤྲོད་གསུང་བཤད་གནང་།
དེ་རྗེས་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཚོགས་མགོན་དུ་ཕེབས་མཁན་ཡོངས་ལ་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། དེ་རིང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་སྐུ་གསུང་ཐུགས་དང་མཛད་པ་འཕྲིན་ལས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། ལོ་ ༦༠༠ སྔོན་དུ་ཙོང་ཁ་པ་ཆེན་པོས་གསུངས་པའི་ཆོས་དེ་བོད་ནང་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་ལྟར་ད་ལྟ་ཡང་དེ་བཞིན་ཡོད་པ་དེ། རྗེ་ཙོང་ཁ་པ་ཆེན་པོ་མཆོག་གིས་དགའ་ལྡན་ཡིད་དགའ་ཆོས་འཛིན་ནས་ཐུགས་སྤྲོ་བ་ཆེན་པོས་མར་གཟིགས་ནས་བཞུགས་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཞེ་ན། བོད་གངས་ཅན་ལྗོངས་ཀྱི་མི་རིགས་ལ་སྡུག་བསྔལ་དང་ཉམས་ཆག་གང་འདྲ་ཞིག་ཕྱིན་པ་ཡིན་ཡང་། བསྟན་གནང་པའི་ནང་པའི་ཆོས་དེ་བོད་མི་ཚོའི་སེམས་ནང་གཏིང་ཟབ་པོ་ཞིག་ཟུག་ནས་འགྱུར་བ་དང་ཉམས་ཆག་ནམ་ཡང་མེད་པའི་ཐོག་ནས་དེར་ཉམས་ལེན་བྱས་དང་བྱེད་མུས་ཡིན། བོད་ནང་ཆ་བཞག་ན་ཕྱི་ལོ ༡༩༥༩ ནས་བཟུང་མར་ཞིབ་ཕྲ་ཞུས་མ་དགོས་པར་ཚང་མས་མཁྱེན་གསལ་རེད། ཆོས་དུག་རེད་ཟེར་མཁན་གྱི་རྒྱ་ནག་དམར་པོའི་དབུ་ཁྲིད་ཚོས་ལོ་མང་རིང་བོད་ནང་དར་བའི་ནང་ཆོས་དང་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དེ་དག་རྩ་མེད་གཏོང་ཐབས་ལ་རིག་གནས་གསར་བརྗེས་གཙོས་བྱུས་ངན་འདྲ་མིན་བཀོལ་སྤྱོད་བྱས་ཏེ། བོད་ཀྱི་དགོན་སྡེ་མང་ཆེ་བ་གཏོར་བཤིག་བཏང་ཡོད་ཀྱང་། བོད་ནང་གི་གཞོན་སྐྱེས་ཚོས་རང་འཁུར་བྱས་ནས་ནང་ཆོས་ལ་དད་ཞེན་ཆེན་པོས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱས་ཏེ་སྔར་ལྷག་དར་སྤེལ་བྱུང་ཡོད།
ང་ཚོ་བཙན་བྱོལ་ལ་འབྱོར་ནས་ད་ཆ་ངོ་ ༥༥ ལྷག་ཕྱིན་ཡོད་པ་དེར་རྒྱབ་ཤིག་ཅིག་བརྒྱབ་སྟེ་བལྟས་ན། ད་ལྟ་འཛམ་གླིང་འདིའི་སྟེང་ནང་ཆོས་ནི་དད་གུས་དང་ཡིད་ཆེས་ཆེན་པོ་བྱེད་སའི་ཆོས་ཤིག་ཆགས་ཡོད། ང་ཚོའི་ཐུན་མིན་གྱི་ཆོས་དེ་འཛམ་གླིང་འདིའི་སྟེང་ངོམ་དུ་ཆོག་པ་དང་ཚང་མས་དོ་སྣང་བྱེད་ས་ཞིག་ཆགས་ཡོད། རྒྱ་གར་ནང་སློབ་གཉེར་བྱེད་ས་ཚད་ལྡན་ཡོད་པ་མཟད། དེང་སྐབས་ཕྱིའི་རྒྱལ་ཁབ་ཁག་གི་ནང་དུའང་ཆོས་ཚོགས་བརྒྱད་བརྒྱ་ལྷག་ཙམ་ནང་ཆོས་བརྒྱུད་ཁག་གོ་དབུ་བླ་ཕེབས་ཏེ་ཆོས་བྱེད་སའི་བསྟི་གནས་གསར་འཛུགས་གནང་ཡོད་པར་བརྟེན། བོད་དང་བོད་མིའི་ལོ་རྒྱུས་ཤེས་རྟོགས་ཐུབ་པར་ཕན་ཐོགས་བྱུང་ཡོད། ཉེ་ལམ་ང་རང་ཉེ་ཆར་ཡུ་རོབ་ཁུལ་དུ་འགྲོ་སྐབས་ཉམས་ཆག་གང་ཙམ་ཕྱིན་ཡོད་པའི་ཚོར་སྣང་བྱུང་། ང་རང་ཆོས་རིག་བཀའ་བློན་ཞིག་ཡིན་པའི་ཆ་ནས་ཆོས་བརྒྱུད་ཁག་གི་བསྟན་པའི་བདག་པོ་དབུ་བླ་རྣམ་པ་དང་མཛད་གཙོ་རྣམ་པས་ནང་ཆོས་དེ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག མ་འོངས་པར་ལོ་བཅུ་བཅོ་ལྔའི་ནང་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ཐེ་ཚོམ་སྐྱེས་རྒྱུའི་གཞི་མཐོང་གི་འདུག་ཅེས་ཞུས་དང་ཞུ་མུས་ཡིན། ངས་དགེ་འདུན་གྱི་སྡེ་འཛོམས་སར་དུས་རྟག་ཏུ་འདི་ལྟར་ཞུས་ཀྱི་ཡོད།
བོད་མི་རིགས་དང་བསྟན་སྲིད་ཆེད་ད་ལྟ་ཡོད་པའི་ནང་ཆོས་འདི་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་དང་འབྲེལ་འཕེལ་རྒྱས་གཏོང་དགོས་པ་མ་ཟད། བོད་བརྒྱུད་ནང་བསྟན་ཡོད་པའི་སྔར་སྲོལ་བཟང་པོ་དག་གཞི་ལ་བཞག་ནས་བསླབ་པ་སློབ་གཉེར་བྱེད་ཕྱོགས་ལ་བསྒྱུར་བཅོས་དང་བསྐྱར་བཅོས་གཏོང་དགོས་པ་གང་ཡོད་པར་གཟིགས་ཏེ། ༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ཆོས་རིག་ལས་ཁུངས་ངོས་ནས་ ༢༠༡༦ ལོའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དགེ་བཤེས་མ་གྲངས་ ༢༢ དང་། ༢༠༡༧ ལོའི་སྐུའི་འཁྲུངས་སྐར་ཉིན་གཞུང་ཆེན་རིགས་གཅིག་རྐང་འཛིན་པ་གྲངས་ ༢༡ ཙམ་ཞིག་འཐོན་གྱི་ཡོད་པ་མ་ཟད། ད་ལྟ་ང་ཚོས་དགོན་སྡེ་གྲྭ་ཚང་ཁག་གི་ལས་དོན་དག་ཡར་རྒྱས་དང་གསར་གཏོད་ཡོང་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་། དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་ཟབ་རྒྱས་སྩལ་གྲུབ་མཚམས་མཁས་དབང་རྣམ་པས་རྒྱུད་ཀྱི་བཤད་པ་དང་བགྲོ་གླེང་དབུ་འཛུགས་གནང་ཡོད།།