༢༠༡༤ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་རང་ཅག་གངས་ཅན་པ་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ཞེས་མཛད་ནས་མི་ལོ་ ༢༥ འཁོར་བའི་ཉིན་མོ་ཡིན་ཞིང་། ཁྱད་པར་ཅན་གྱི་དུས་ཚེས་འདིའི་ཉིན་བོད་མི་གནས་ཡུལ་ས་གནས་གང་སར་རྣམ་པ་སྣ་ཚོགས་དང་། གཞི་རྒྱ་ཆེ་ཆུང་འདྲ་མིན་གྱི་དགའ་སྟོན་བྱེད་སྒོ་སྤེལ་གྱི་ཡོད་པ་ལྟར། བྱང་ཨ་རིར་གནས་སྡོད་རྒྱ་རིགས་གྲོགས་པོ་ཚོས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༥ འཁོར་བར་བཀྲིས་བདེ་ལེགས་དང་། སེམས་ཚོར་མཚོན་པའི་རྩོམ་ཐུང་བཏང་འབྱོར་བྱུང་བ་ཁག་ཕྱོགས་སྒྲིག་གིས་འབྲེལ་ཆགས་འདྲ་པར་དང་བཅས་“རྒྱ་ཡིག་གི་དྲྭ་རྒྱ་ཆེ་ཤོས་སྦོ་ཤུན་”ནང་འགོད་སྤེལ་ཞུས་ཡོད།
བཀྲིས་བདེ་ལེགས་དང་། སེམས་ཚོར་མཚོན་པའི་རྩོམ་ཐུང་བཏང་མཁན་རྒྱ་རིགས་དེ་དག་གི་ཁོངས་སུ་ཤེས་ཡོན་ཅན་དང་། རྩོམ་པ་པོ། སློབ་ཕྲུག ནང་པ་སོགས་ཚུད་ཡོད་པ་དང་། རྩོམ་གྱི་ནང་དོན་ཆ་ཚང་དུས་ཚོད་དབང་གིས་བོད་སྒྱུར་བྱེད་ཁོམས་མ་བྱུང་ཡང་། སྦོ་ཤུན་དྲྭ་རྒྱ་”China in Perspective” སོགས་དྲྭ་རྒྱའི་དྲྭ་འབྲེལ་འདིར་བཞག་ཡོད་པས་ཐུགས་སྣང་དང་འབྲེལ་རང་གི་སྐད་འཕྲིན་དང་། ངོ་དེབ་སོགས་སྤྱི་ཚོགས་དྲྭ་རྒྱའི་ཐོག་མཉམ་སྤྱོད་གནང་བ་ཡིན་ན། རྒྱ་རིགས་གཞན་པ་ཚོས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་གཞི་དང་། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ངོ་མ་ཇི་ཡིན་ཤེས་རྒྱུར་ཕན་ཐོགས་ཡོང་རྒྱུ་བཅས།།