༢༠༡༤ ཟླ་ ༡༢ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༤ པའི་མཇུག་བསྡོམས་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ལྷན་འཛོམས་ཐོག་ནོ་བེལ་ཞི་བདེའི་ལྷན་ཚོགས་ཀྱི་གཏན་འཇགས་ལས་ཁུངས་ཀྱི་ཚོགས་གཙོ་ཨི་ཀ་ཀྲེ་རི་ནཱ་ (Ekaterina Zagladina) མཆོག་གིས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་གཙོ་ (Mikhail Gorbachev) མཆོག་གིས་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་། དེང་སྐབས་འཛམ་གླིང་ནང་བྱུང་བཞིན་པའི་འཁྲུག་རྩོད་དང་། གནམ་གཤིས་འགྱུར་ལྡོག་ལ་ཐུགས་འཚབ་ཡོད་པ་དང་། ལྷག་པར་ཡུ་ཀེ་རན་ནང་གི་རྩོད་རྙོག་དེ་བཞིན་ཞི་འཇམ་ཡོང་བའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་ཡོད།
དེ་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམ་པའི་གསར་འགོད་ལྷན་ཚོགས་ཤིག་རྒྱལ་ས་རོམ་གྱི་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་དབུ་འབྱེད་གནང་སྐབས་ཁོང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཕེ་རི་ཀའི་ནང་ཆིབས་སྒྱུར་བསྐྱངས་རྒྱུའི་མཐོང་མཆན་ཕྱག་ཁྱེར་ཐད་དཀའ་ངལ་ཕྲན་བུ་བྱུང་ནའང་། རོམ་གྱིས་ལྷན་ཚོགས་དེའི་མགྲོན་བདག་དགའ་པོའི་ངང་ནས་ཞུ་རྒྱུ་བྱུང་སྐོར་སྙན་སྒྲོན་ཞུས།
དེ་ནས་༸གོང་ས་མཆོག་ལ་ལྷོ་ཨ་ཕེ་རི་ཀའི་གསར་ལམ་ཞིག་གིས་ལྷོ་ཨ་ཕེ་རི་ཀའི་གྲོང་ཁྱེར་ཁེབ་ཊོན་ (Cape Town) གྱི་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་༸གོང་ས་མཆོག་ལ་གྲོང་ཁྱེར་དེའི་ནང་ཆིབས་སྒྱུར་གནང་སྐྱོང་ཡོང་བའི་མགྲོན་བརྡ་ཡང་བསྐྱར་འབུལ་ལམ་ཞུས་སྟབས་མགོན་པོ་གང་ཉིད་མཆོག་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་མིན་བཅར་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་རང་ལྷོ་ཨ་ཕེ་རི་ཀར་ཡོང་རྒྱུར་དཀའ་ངལ་གང་ཡང་མེད། འོན་ཀྱང་ཁྱེད་ཚོའི་གཞུང་འཛིན་པའི་ཐོག་ནས་དཀའ་ངལ་ཡོད་སྲིད་སྐོར་བཀའ་ལན་སྩལ་འདུག
དེ་ནས་གསར་འགོད་པ་ཞིག་གིས་ཧོང་ཀོང་གི་སློབ་ཕྲུག་ཚོའི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་གི་ཡོད་མེད་སྐོར་བཅའ་འདྲི་ཞུ་སྐབས། ༸གོང་ས་མཆོག་གིས་གཞི་རྩའི་སློབ་ཕྲུག་དེ་དག་ཧོང་ཀོང་ལ་མང་གཙོའི་ལམ་ལུགས་ཆ་ཚང་འདོད་མཁན་ཤ་སྟག་རེད། རྒྱ་ནག་ནང་གི་ཤེས་ལྡན་མི་སྣ་ཐེ་བའི་མི་མང་ཚང་མས་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད། འོན་ཀྱང་སོ་སོའི་ཀུན་སློང་ཡག་པོ་ཡོད་པའམ་རེ་བ་ཧ་ཅང་ཆེན་པོ་ག་ཚོད་ཡོད་རུང་རང་གི་ལས་འགུལ་ལམ་ལྷོང་ལྡན་པ་ཞིག་ཡོང་འདོད་ན་དངོས་ཡོད་བདེན་པའི་གནས་ཚུལ་ལ་རན་པའི་ལངས་ཕྱོགས་འཛིན་དགོས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་བཞིན་སྟོབས་ཆེན་ཞིག་ཡིན་སྟབས་འགྱུར་བ་ལས་སླ་པོའི་ཐོག་ནས་ཡོང་རྒྱུ་མིན་སྐོར་བཀའ་ལན་སྩལ་གནང་མཛད་ཡོད།
ཕྱི་ཚེས་ ༡༥ ཉིན་མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་ཆིབས་ཞལ་བསྒྱུར་ཏེ་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༡ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་སངས་རྒྱས་རྗེས་དྲན་གྱི་སྐྱེད་མོས་ཚལ་ Buddha Jayanti Park དུ་དགའ་ལྡན་ལྔ་མཆོད་ཀྱི་མཆོད་འབུལ་གཟབ་རྒྱས་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༧ ནས་ ༡༨ བར་ར་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་དང་། བཀའ་འདྲི་ཁག་ལ་བཀའ་ལན་སྩལ་རྒྱུ། ཕྱི་ཚེས་ ༡༩ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་ཡིན་འདུག