༢༠༡༤ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ལྷག་པ་ཉིན་སྐུའི་བླ་བཟའ་དང་སྐབས་བསྟུན། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭའི་ཚོགས་ཁང་དུ་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ནས་སེ་རར་བཅའ་བཞུགས་ཞྭ་སེར་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་གདན་འདྲེན་དབུ་བཞུགས་ཐོག་ཕྱི་ཟླ་ ༧ ཚེས་ ༡ ནས་ཚུགས་པའི་དེང་དུས་མཐོ་སློབ་ཐོན་པའི་སློབ་ཕྲུག་རྣམས་ཀྱི་ཟླ་དྲུག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་སྐབས་དང་པོ་དེ་མཇུག་བསྒྲིལ་གནང་འདུག
དེ་ཡང་གོང་ཚེས་ཉིན་མཇུག་བསྡུས་ཀྱི་མཛད་སྒོར་རྒྱུད་སྨད་མཁན་རིན་པོ་ཆེ་མཆོག་དང་། ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། ཆོས་རིག་སྐུ་ཚབ་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས། ཧོན་སུར་རབ་རྒྱས་གླིང་གི་ས་གནས་འགོ་འཛིན། ས་གནས་འཐུས་ཚོགས། གངས་ཅན་རིག་སློབ་གྲྭའི་སློབ་སྤྱི་རྣམས་ཀྱང་ཕེབས་བཅར་གསུང་བཤད་དང་། མཐའ་མའི་རྒྱུགས་སྤྲོད་ནང་རྩེར་སོན་སློབ་མ་དྲུག་ལ་དམིགས་བསལ་ཕྱག་རྟགས། སློབ་ཕྲུག་བྱིངས་ལ་བསླབ་པ་མཐར་སོན་ཕྱག་ཁྱེར་དང་ཆོས་རིག་ལས་ཁུངས་བརྒྱུད་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསོལ་སྩལ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་བཅས་གནང་། དེ་རྗེས་ཟབ་ཁྲིད་སློབ་མ་ཁག་གཅིག་གིས་རྟགས་གསལ་གཟིགས་འབུལ་དང་། རབ་གླིང་ཉིན་སློབ་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་སོགས་བགྱིས་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲུབ། ཟབ་ཁྲིད་འདི་ནི་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༤ ལོར་ཕྱག་ལེན་འགེལ་རྒྱུའི་གསར་གཏོད་ལས་འཆར་གལ་ཆེའི་ཁོངས་ནས་གཅིག་ཡིན་ཅིང་། གཙོ་བོར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཕེལ་དང་། ཡང་སྒོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་དགོངས་ལྟར་བོད་རིགས་ན་གཞོན་རྣམས་ཀྱིས་རང་རེའི་གྲྭ་བཙུན་རྣམས་དང་འདྲ་བར་དཔལ་ཎལེནྜའི་བཞེད་རྒྱུན་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་དོན་གཉེར་སློབ་སྦྱོང་ཐུབ་པ་བྱ་ཐབས་ཆེད་དུའོ།
ཕྱག་རོགས་གངས་ཅན་རིག་གནས་སློབ་གྲྭ་ནི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ལས་སྣེ་འདུས་སྤྱི་རྣམ་པས་མགོན་༸སྐྱབས་གང་གི་བཀའ་སློབ་ལམ་སྟོན་བཞིན་མི་མང་རྣམས་ལ་ནང་དོན་རིག་པ་སོགས་བོད་ཀྱི་ཁྱད་ནོར་ངོ་སྤྲོད་སློབ་སྦྱོང་སྤྲོད་རྒྱུའི་མཐུན་རྐྱེན་དུ་གསར་བསྐྲུན་གནང་བ་ཞིག་ཡིན། དེ་ལྟར་ཆོས་རིག་ལས་ཁུངས་དང་གངས་ཅན་སློབ་གྲྭ་གཉིས་ནས་དབུ་ཕར་ཚད་མ་སོགས་གཞུང་ཆེན་ཁག་དང་། བརྡ་དག་སྙན་གསུམ་བཅས་ནས་མཁོ་གནད་རྣམས་ཟུར་ཕྱུང་བསླབ་གཞིར་གཏན་འབེབས་ཀྱིས་སློབ་དེབ་གཉིས་གསར་དཔར། ཐེག་མཆོག་རྣམ་གྲོལ་གླིང་གི་བཤད་གྲྭའི་ཚོགས་གཙོ་མཁན་པོ་རྟ་མགྲིན་སྲི་ཐུབ་མཆོག་དང་། ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་གླིང་གི་དཔེ་ཁྲིད་རྒན་སློབ་དཔོན་སྟོབས་ལྡན་ལགས། རྡ་ས་ནས་སྐུའི་གསུང་འགྱུར་ཟུར་པ་དགེ་བཤེས་ལྷག་རྡོར་ལགས། བཀྲ་ཤིས་ལྷུན་པོའི་གཟིགས་སྐྱབས་རིན་པོ་ཆེ་མཆོག རྒྱུད་སྨད་ཆོས་འགྲིམས་ཀུན་བདེ་གླིང་རིན་པོ་ཆེ་མཆོག་བཅས་པ་ཟླ་བ་རེ་རེར་གདན་འདྲེན་གྱིས་གསུང་བཤད་གོ་སྒྲིག དེ་བཞིན་ཟླ་བ་གསུམ་རེའི་མཚམས་ཐེངས་རེ་སློབ་ཕྲུག་རྣམས་སྦེལ་ཀོབ་དགོན་སྡེ་ཁག་དང་མཻསཱུར་བཅས་སུ་ཤེས་ཡོན་བསྐོར་འཁྲིད་སོགས་ལས་རིམ་ཇི་སྙེད་ཅིག་སྤེལ་ཐོག་མཉམ་ཞུགས་སློབ་ཕྲུག་ཉི་ཤུ་རྣམས་ལ་དོན་ཕན་ལྡན་པའི་ཟབ་སྦྱོང་ཞིག་སྤྲད་ཐུབ་པ་བྱུང། སྐབས་འདིར་མཉམ་ཞུགས་པ་ནི་རཝངལཱ་དང་། ཀུལུ་མཎཱལི། སྦིར། རྡ་ས། ཀོལེགྷལ། ལ་དྭགས་བཅས་ནས་ཕེབས་པའི་བུ་མོ་ ༧ དང་བུ་ ༡༣ སྟེ་ཁྱོན་མི་གྲངས་ ༢༠ ཡོད། དེ་ནས་གཅིག་སུད་སི་ནས་ཆེད་མངགས་ལམ་གྲོན་ཁུངས་བཏང་གིས་ཕེབས་པ་ཞིག་ཀྱང་ཡོད།
ཁོང་རྣམས་འདི་ཟླའི་ཚེས་ ༢༠ ཉིན་སློབ་གྲྭས་མཐུན་སྦྱོར་ཐོག་མོན་གྷོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་རྒྱུའི་ལམ་རིམ་གསུང་ཆོས་ཞུ་བར་བཅར་མཁན་ཡིན། ཆོས་རིག་ལས་ཁུངས་དང་གངས་ཅན་རིག་གནས་སློབ་གྲྭ་གཉིས་ནས་སྐབས་དང་པོའི་སློབ་ཕྲུག་རྣམས་ཀྱི་མྱོང་ཚོར་དགོངས་འཆར་དང་ཕན་ཁྱད་ཇི་བྱུང་གཞི་རྩར་བཟུང་སྟེ་ ༢༠༡༥ ལོའི་ཕྱི་ཟླ་ ༧ ནས་སླར་ཡང་སློབ་ཕྲུག་རུ་ཁག་གསར་པ་བསྡུ་བསྐོང་གིས་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་འདི་ཉིད་མུ་མཐུད་ཕྱག་ལེན་གནང་འཆར་ལགས་པ་བཅས།།