༢༠༡༤ ཟླ་ ༡༢ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་རྨ་ཆུའི་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ཀྱིས་གླུ་གཞས་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་འོག་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ ཡས་མས་ཤིག་ལ་སྐལ་བཟང་ཡར་འཕེལ་ལགས་ལྷ་ས་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ཞིག་ཏུ་ལོ་ ༡ དང་ཟླ་ ༦ ལྷག་བཀག་ཉར་འདྲི་བརྩད་བྱས་མཐར། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཁྲིམས་ཁང་ཞིག་གིས། ཁོང་ལ་ལོ་ ༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག་རྒྱ་གཞུང་གིས་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ལ་ཁྲིམས་གཅོད་སྐབས། ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་ཅི་ཞིག་གཡོགས་ཡོད་མེད་དང་། ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་། དེ་བཞིན་ཁྲིམས་རྭར་ནང་མི་ཟུར་ཉན་དུ་ཞུགས་བཅུག་ཡོད་མེད་སོགས། ཞིབ་ཕྲའི་གནས་ཚུལ་ད་བར་གང་ཡང་ཤེས་རྟོགས་ཐུབ་མེད།
ཕྱི་ལོ་ ༢༠༡༢ ལོའི་བོད་ཟླ་ ༡༠ དང་ ༡༡ བཅས་སུ་གླུ་བ་སྐལ་བཟང་ཡར་འཕེལ་ལགས་དང་བོད་ནང་གི་གཞས་པ་ཁག་གཅིག་མཉམ་རུབ་ཐོག ༼ཁ་བའི་མེ་ཏོག༽ ཅེས་པའི་རིག་རྩལ་སྤྲོ་ཚོགས་ཤིག་བསྡུས་ཤིང་། སྤྲོ་ཚོགས་དེའི་འོད་སྡེར་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན། ཡུན་ནན་བཅས་བོད་ཁུལ་གྱི་ས་ཆ་མང་པོར་འགྲེམས་སྤེལ་བྱས་རྗེས། རྒྱ་གཞུང་གིས་ས་གནས་ཁག་ནང་འོད་སྡེར་དེ་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། གླུ་བ་སྐལ་བཟང་ཡར་འཕེལ་ལགས་ཀྱིས་སྤྲོ་ཚོགས་ཐོག་བླངས་པའི་༼བོད་པ་ཚོ།༽ཞེས་པའི་གླུ་གཞས་དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པར་བསྙད་དེ། ཁོང་སྔ་ཕྱིར་ཐེངས་འགར་ལྷ་སར་བཀག་ཉར་འདྲི་རྩད་བྱས་ཡོད་འདུག
གླུ་བ་སྐལ་བཟང་ཡར་འཕེལ་ལགས་ཀྱིས་ ༼གླིང་གེ་སར་རྒྱལ་པོའི་ཕ་ཡུལ་༽དང་༼དགུང་ནས་འབྲུག་གྲགས་བྱུང་།༽ ༼གཡུ་འབྲུག་སྔོན་མོའི་འཁྱུག་རྩལ།༽ ༼དཔྱིད་དཔལ་བསུ་བའི་འབྲུག་སྒྲ།༽ ༼ ཉི་ཟེར་འབོད་པའི་གངས་རི།༽ ༼དེང་རབས་ཀྱི་བོད་པ།༽ ༼གངས་ཅན་བསུ་བའི་འབྲུག་སྒྲ།༽ ༼གྲགས་སྙན་གཡུ་འབྲུག་སྔོན་མོ།༽ ༼དེང་རབས་ཁུ་བྱུག་གི་འགྱུར་ཁུགས༽སོགས་གླུ་གཞས་ཆེད་བསྒྲིགས་སྒྲ་ཐག་དང་འོད་སྡེར་མང་པོ་བོད་པའི་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། བོད་ནང་གི་གཞུང་དང་སྒེར་གྱི་གླུ་གཞས་སྤྲོ་ཚོགས་མང་པོའི་ནང་མཉམ་ཞུགས་བྱས་མྱོངས་ཡོད་སྟབས། བོད་རིགས་མང་ཚོགས་ཀྱིས་ཁོང་གི་གླུ་གཞས་ལ་དགའ་མོས་ཆེན་པོ་དང་། ཁོང་ལ་བདུད་བྷེ་ཆུང་བ་དང་དེང་རབས་ཀྱི་ཁུ་བྱུག་གཞོན་ནུ་ཞེས་མཚན་བསྟོད་བསྔགས་བརྗོད་བྱེད་བཞིན་ཡོད།
གླུ་བ་སྐལ་བཟང་ཡར་འཕེལ་ལགས་ཀྱིས་བླངས་པའི་༼བོད་པ་ཚོ།༽ ཞེས་པའི་གླུ་གཞས་ཀྱི་ཚིག་ནི། ” བོད་པ་ཚོ། ང་ཚོའི་བོད་ཡིག་སྦྱོང་། བོད་སྐད་བཤད། བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་འོས་འགན་ང་ཚོར་ཡོད། བོད་པ་ཚོ། ང་ཚོས་མཐུན་སྒྲིལ་བྱེད། མཐུན་སྒྲིལ་བྱེད། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ། བོད་པ་ཚོ། ང་ཚོས་སྙིང་སྟོབས་སྐྱེད། སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ཏེ་ང་ཚོས་སྙིང་སྟོབས་སྐྱེད། བོད་པ་ཚོ། ང་ཚོས་བདེ་སྡུག་གླེང་། མ་འོངས་བོད་མིའི་མདུན་ལམ་བསམ་དེ་ང་ཚོས་ཕུགས་བསམ་འཚོལ། བོད་པ་ཚོ། ང་ཚོས་ལ་རྒྱ་འཛིན། ལ་རྒྱའི་ཕྲག་གདང་གཤིབ་སྟེ། ང་ཚོ་མདུན་དུ་བསྐྱོད། བོད་པ་ཚོ། ང་ཚོས་འབད་བརྩོན་བྱེད། དུས་རབས་གསར་བའི་བོད་པའི་རྒྱུད་འཛིན་ང་ཚོ་ཡིན། བོད་པ་ཚོ། ” ཞེས་འཁོད་ཡོད་ལ། དོན་དངོས་ཐོག་གཞས་ཚིག་ཀྱི་ནང་དོན་ཐད་ནས་སོ་སོའི་སྐད་ཡིག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་བྱེད་དགོས་པར་སྐུལ་མ་གནང་ཡོད་པ་མ་གཏོགས། རྒྱ་གཞུང་གི་བཅའ་ཁྲིམས་དང་འགལ་བའི་ཆབ་སྲིད་ཀྱི་གནད་དོན་གང་ཡང་མེད།
གླུ་བ་སྐལ་བཟང་ཡར་འཕེལ་ལགས་ནི། རྒྱ་གཞུང་གི་ད་ལྟའི་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་རྨ་ཁུག་རྟ་ར་ནས་ཡིན་ལ། ཁོའི་ཕ་མིང་ལ་མགོན་པོ་ཚེ་བརྟན་དང་མ་མིང་ལ་མ་ཁོ། བཟའ་ཟླའི་མིང་ལ་ཚེ་འཛིན་དཔལ་མོ་བཅས་ཟེར་གྱི་ཡོད། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་བུ་ཕྲུག་གསུམ་ཡོད་པ་ལས། ཆེ་བ་བུ་ཨོ་རྒྱན་སྐྱབས་ལོ་ ༢༢ དང་། བུ་དཀོན་མཆོག་བསྟན་པ་ལོ་ ༢༠ ། བུ་མོ་སྒྲོལ་དཀར་ལྷ་མོ་ལོ་ ༡༩ ཡིན་འདུག