༢༠༡༤ ཟླ་ ༡༢ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡ ནས་ ༥ བར་ཉིན་གྲངས་ལྔའི་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པ་ཁག་གཅིག་ལ་གསར་འགྱུར་ལས་རིགས་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་། ཟབ་ཁྲིད་པ་ལྡི་ལིར་རྟེན་གཞི་བྱས་པའི་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་བགྲེས་པ་ལྕམ་སྐུ་སུ་ནི་ཏ་ཐ་ཀུར་Ms Sunita Thakur ལགས། ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག སྒྲ་བརྙན་ཚན་པའི་གསར་འགོད་པ་དང་རྩོམ་སྒྲིག་པ་ཁག་གཅིག་བཅས་ལྷན་འཛོམས་ཀྱིས་ཐོག་མར་དྲིལ་བསྒྲགས་དྲུང་ཆེས་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན། དྲིལ་བསྒྲགས་ལས་བྱེད་པ་ཚོར་ལྕམ་སྐུ་ཐ་ཀུར་ལགས་ཀྱིས་གསར་འགྱུར་ལས་རིགས་དང་འབྲེལ་བའི་ཟབ་སྦྱོང་གནང་བར་ཕེབས་ཡོད་པར་ཧ་ཅང་དགའ་པོ་བྱུང་། ང་ཚོས་དྲིལ་བསྒྲགས་ཀྱི་ལས་དོན་དེ་ཧ་ཅང་གལ་ཆེར་བརྩི་བཞིན་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམས་ཀྱིས་འཛམ་གླིང་གི་ས་ཕྱོགས་གང་ས་དང་། དེ་བཞིན་བོད་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ཐད་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ཐབས་སུ། སོ་སོའི་ལས་དོན་ཐོག་ནུས་པ་གོང་མཐོར་གཏོང་ཆེད་དང་། དེ་ཡང་དེང་དུས་ཀྱི་འཕྲུལ་རིག་ལམ་ནས་གསར་འགྱུར་མཁོ་སྒྲུབ་དང་དྲིལ་བསྒྲགས་བྱེད་སྟངས་སོགས་ཀྱི་ཐོག་ཟབ་སྦྱོང་འདྲ་མིན་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད། ཉིན་གྲངས་ལྔའི་རིང་གི་ཟབ་སྦྱོང་སྐབས་འབྲེལ་ཡོད་ལས་བྱེད་ཚང་མས་དོ་སྣང་ཆེན་པོ་གནང་རོགས་ཞུ་རྒྱུ་མ་ཟད། སོ་སོ་རང་ཉིད་གང་ཅིའི་ཐོག་རང་རྐྱ་འཕེར་ཐུབ་པ་ཞིག་བཟོ་རྒྱུའི་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་ཟབ་སྦྱོང་འགོ་འཛུགས་གནང་སོང་།