ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཡོལ་ཙམ་ལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྲང་ལམ་སྨད་ཕྱོགས་ནས་རང་ལོ་ ༡༩ ཡིན་པའི་བུ་མོ་ཚེ་པེ་ལགས་དང་ཕྱི་ཚེས་ ༢༣ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཙམ་ལ་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་རྣམ་གཉིས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུའི་ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་རྣམ་གཉིས་ཀྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་ཆེད་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ།
རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་སློབ་དཔོན་ཟུར་པ་ངག་དབང་བཀྲ་ཤིས་ལགས་དབུ་བཞུགས་ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་གྲྭའི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།
དེ་ནས་སྲིད་ཚབ་མཆོག་གིས་གསུང་བཤད་གནང་དོན། འདིར་འདུས་རྣམ་པ་ལྷན་རྒྱས་ལ་བློ་ཕམ་པའི་གནས་ཚུལ་ཞུ་རྒྱུར། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ཉིན་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྲང་ལམ་སྨད་ཕྱོགས་ནས་རང་ལོ་ ༡༩ ཡིན་པའི་ཕ་འཆི་རྡོར་ལགས་དང་། མ་ཅེན་དཔའ་ལགས་གཉིས་ཀྱི་བུ་མོ་ཚེ་པེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཕ་ཚེ་དབང་རྡོ་རྗེ་ལགས་དང་། མ་བྱམས་པ་ལྷ་མོ་ལགས་གཉིས་ཀྱི་བུ་རང་ལོ་ ༣༢ ཡིན་པ་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྟའུ་ཉ་མཚོ་དགོན་པར་ཡོད་པའི་རྒྱ་ནག་གི་ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་ལས་ཁུངས་མདུན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། ཁོང་གཉིས་ཀྱིས་བོད་བསྟན་སྲིད་དང་མི་རིགས་དོན་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བར་བརྟེན་ཁོང་གཉིས་ལ་མཆོད་འབུལ་སྨོན་ལམ་དང་། ཁོང་གཉིས་ཀྱི་ཕ་མ་དང་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་ཞུ་བཞིན་ཡོད། ཚང་མས་མཁྱེན་གསལ་རེད། ད་བར་བོད་བསྟན་སྲིད་དང་མི་རིགས་ཆེད་བོད་མི་ ༡༣༥ ནས་རང་ལུས་མེར་སྲེག་བཏང་ཡོད། རྒྱལ་གཅེས་པ་དེ་དག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞི་བཟུང་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་ནས་གཞན་ལ་གནོད་པ་ཏིལ་འབྲུ་ཙམ་ཡང་མ་བྱས་པར་སོ་སོའི་སྲོག་ཚུན་ཆད་བོད་བསྟན་སྲིད་དང་མི་རིགས་ཀྱི་དོན་དུ་བློས་གཏོང་གནང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང། དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེར་ཕུལ་ཡོད།
སྤྱིར་བཏང་རྒྱ་ནག་གཞུང་ནས་བོད་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག་དཔལ་འབྱོར་དབྱེ་འབྱེད། དེ་བཞིན་བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་བཙན་འཕྲོག་གི་བོད་མིར་དྲག་རྡུང་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་བརྒལ་བ་འགྲོ་ མུས་ཡིན་པར་བརྟེན། ཆེས་དྲག་གནོན་ཅན་གྱི་སྲིད་བྱུས་དེར་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་འགོ་འཛུགས་ཀྱིས་ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༣༥ ནས་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པའི་ཁྲོད་ནས་བོད་མི་གྲངས་ ༡༡༦ འདས་གྲོངས་སུ་གྱུར་ཡོད་པ་བཅས།།