༢༠༡༤ ཟླ་ ༡༢ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༨ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་ཚབ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་ཟུར་པ་ངག་དབང་བཀྲ་ཤིས་ལགས་ཀྱིས་དབུས་དགེ་འདུན་པ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་ཆེ་ཕྲ་རྣམ་པ་དང་མི་མང་བཅས་འདུ་འཛོམས་སར་སྙན་སེང་ཞུ་རྒྱུར། ཚང་མས་མཁྱེན་གསལ་རེད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་ནང་དྲག་གནོན་དང་སྡུག་རྩུབ་གྱི་གནས་སྟངས་འོག་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མེད་པ། སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། རང་བྱུང་ཁོར་ཡུག་ལ་གཏོར་བཤིག དཔལ་འབྱོར་དང་མི་རིགས་དབྱེ་འབྱེད། མི་སེར་སྤེལ་ཡུལ་གྱི་གནས་སྟངས། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བདེན་པ་མིན་པའི་མཚན་སྨད་ཞུས་དང་ཞུ་མུས་ལ་མ་བཟོད་པར་ཞི་རྒོལ་གྱི་ལས་འགུལ་མུ་མཐུད་ཡོང་བཞིན་ཡོད།
བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་ངོས་ནས་རང་ལུས་མེར་སྲེག་ལྟ་བུའི་ལས་འགུལ་རིགས་མི་ཡོང་བའི་འབོད་སྐུལ་རིམ་པ་ཞུས་ཡོད་ནའང་། རང་ལུས་མེར་སྲེག་གི་ལས་འགུལ་མུ་མཐུད་བྱུང་ཡོད།
ད་རེས་ང་ཚོ་འདིར་འཛོམས་དགོས་དོན་ནི། སྐྱབས་ཐོ་ནང་གསལ་ཡོད་པ་བཞིན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༦ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་བོད་མདོ་སྨད་ཨ་མདོ་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཁྱུང་རུ་ཐང་ཡུལ་ཚོའི་ཕ་དབང་ལོ་ལགས་དང་། མ་གཡུ་སྒྲོན་ལགས་གཉིས་ཀྱི་བུ་རང་ལོ་ ༣༤ ཡིན་པ་སངས་རྒྱས་མཁར་ལགས་ཀྱི་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཤང་གི་ཉེན་རྟོག་ལས་ཁང་གི་སྒོ་ཁར། རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། རང་ལུས་མེར་སྲེག་གི་ཞི་རྒོལ་བྱུང་རྗེས་ཉེན་རྟོག་པ་མང་པོ་འཕྲལ་མར་འབྱོར་ཏེ་ས་གནས་སུ་དམ་བསྒྲགས་བྱེད་འགོ་བཙུགས་པ་མ་ཟད། རང་ལུས་མེར་སྲེག་བཏང་པའི་བོད་མི་སངས་རྒྱས་མཁར་ལགས་ཀྱི་ཕུང་པོ་བཙན་འཕྲོག་བྱས་ཏེ་དུས་ད་ལྟའང་ཕུང་པོ་ཚུར་རག་ཡོད་མེད་གནས་ཚུལ་གསལ་པོ་མེད།
ལྷར་པར་གནས་ཚུལ་འདི་རིགས་འཛམ་གླིང་ཡུལ་གྲུ་ཁག་ཏུ་དྲིལ་བསྒྲགས་མི་འགྲོ་བའི་ཆེད་དྲ་རྒྱ་སོགས་བཀག་འགོག་བྱས་ཏེ་དམ་བསྒྲགས་བྱེད་བཞིན་ཡོད། དེར་བརྟེན་དེ་རིང་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡིད་སྐྱོ་བའི་ངང་དམ་པ་དེ་ཉིད་ཀྱི་རྗེས་ཤུལ་ནང་མིར་གདུང་སེམས་མཉམ་སྐྱེའི་ཐུགས་གསོ་ཞུ་རྒྱུ་དང་། རྒྱལ་གཅེས་པ་ཁོང་གིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་ཚང་མས་ཐུགས་སྨོན་གནང་རྒྱུ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་འགོ་འཛུགས་ཀྱིས་ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༣༣ ནས་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པའི་ཁྲོད་ནས་བོད་མི་གྲངས་ ༡༡༤ འདས་གྲོངས་སུ་གྱུར་ཡོད། དེ་བཞིན་མང་པོ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་འོག་ཡོད་པ་དེ་དག་ཉིན་མཚན་འཁྱོལ་དཀའ་བའི་དཀའ་སྡུག་ནས་མྱུར་དུ་གྲོལ་བའི་ཐུགས་སྨོན་གནང་རྒྱུ་དང་། ལྷག་པར་ཁོང་རྣམ་པའི་རེ་འདོད་མཐའ་དག་སྒྲུབ་ཐུབ་རྒྱུར་ཚང་མས་ཐུགས་སྨོན་དང་། དེ་དེ་བཞིན་གྱི་ཐོག་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཚང་མས་སྨོན་འདུན་ཤུགས་དྲག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།།