ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་གནང་ཡུལ་དགའ་ལྡན་བྱང་བརྩེ་གྲྭ་ཚང་གི་འདུ་ཁང་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་དང་ཀར་ན་ཊ་ཀ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ཨར་ཝི་དེ་ཤི་པན་ཌེ་ (RV Deshpande) མཆོག ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག གཞན་ཡང་གནད་ཡོད་མི་སྣ་བཅས་དང་། མོན་རྟ་དབང་ཁུལ་ནས་སེར་སྐྱ་མང་ཚོགས་དང་དེ་བཞིན་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༣༠༠༠༠ བརྒལ་བའི་དབུས་སུ་མོན་རྟ་དབང་ཁུལ་གྱི་གཞུང་དམངས་གཉིས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་། དེ་ནི་མགོན་པོ་གང་ཉིད་མཆོག་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཉིན་གཡོལ་ཆེད་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་སྐབས་ཐོག་མར་མོན་རྟ་དབང་དགོན་དགའ་ལྡན་རྣམ་རྒྱལ་ལྷ་རྩེར་ཆོས་འབྲེལ་སྩལ་ནས་ད་བར་མི་ལོ་ཧྲིལ་པོ་ ༥༥ འཁོར་བཞིན་ཡོད་པའི་དུས་དྲན་སྲུང་བརྩི་ཞུ་ཆེད་ཡིན་འདུག
དེ་ཡང་མཛད་སྒོའི་ཐོག་མར་མོན་རྟ་དབང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་འབྲེལ་མཐུད་པ་སེར་བྱེས་སྐུ་ཞབས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་མཛད་སྒོ་ངོ་སྤྲོད་དང་སྦྲགས། ཐོག་མར་དགའ་ལྡན་ཚོགས་ཆེན་དབུ་མཛད་ཆེན་མོ་ནས་ཤིས་བརྗོད་གསུང་འདོན་གནང་། དེ་རྗེས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་མཁན་པོ་གུ་རུ་སྤྲུལ་སྐུས་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་བོད་ཡིག་ནང་སྙན་སྒྲོན་ཞུས་གྲུབ་མཚམས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་གྲོས་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་འཇམ་དཔལ་བཀྲ་ཤིས་མཆོག་གིས་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་དབྱིན་སྐད་ནང་སྙན་སྒྲོན་ཞུས། དེ་རྗེས་མོན་ཡུལ་མི་མང་གི་སྐུ་ཚབ་རྣམས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་འདེགས་འབུལ་ཞུས་པ་དང་སྦྲགས། སྐུ་གསུང་ཐུགས་རྟེན་གྱི་མིནྜལ་འདེགས་འབུལ་ཞུས་གྲུབ་བསྟུན།༧གོང་ས་མཆོག་གིས་ལོ་ངོ་ ༥༥ འཁོར་བའི་བཀའ་དྲིན་རྗེས་དྲན། ཞེས་པའི་དྲན་རྟེན་གྱི་དཔེ་དེབ་གཅིག་ཞལ་ཕྱེ་མཛད། དཔེ་དེབ་དེའི་ནང་གཙོ་བོ་༧གོང་ས་མཆོག་དེ་སྔ་རྟ་དབང་ཁུལ་དུ་༧ཞབས་སོར་འཁོད་སྐབས་ཀྱི་སྐུ་དཔར་དང་མཛད་འཕྲིན་ཁག་ཕྱོགས་བསྡུས་ཞུས་པ་གཅིག་ཡིན་འདུག
དེ་རྗེས་ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ངས་མོན་ས་ཁུལ་གྱི་མང་ཚོགས་རྣམས་དང་ཨ་རུ་ནཱ་ཅལ་མངའ་གཞུང་གི་ཚབ་ཞུས་ནས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཞལ་བཞེས་མཛད་པར་སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲི་དང་སྦྲགས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལོ་ངོ་ ༥༥ གོང་སྟེ། ཕྱི་ལོ་ ༡༩༥༩ ལོར་ལྷ་ས་ནས་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་སྐབས་མོན་ཡུལ་གྱི་ཀེན་ཛ་མ་ནིའི་ཁུལ་གྱི་ཆུ་དངས་མ་ཟེར་བའི་ས་ཆ་དེར་ཐོག་མར་༧ཞབས་སོར་འཁོད་སྐབས་ང་ཚོ་མོན་ཡུལ་གྱི་མི་མང་རྣམས་ལ་མགོན་པོ་གང་ཉིད་མཆོག་གི་ཞལ་མཇལ་གྱི་བསྐལ་བཟང་གོ་སྐབས་ཐོབ་ཡོད། དེ་རྗེས་རྒྱ་གར་ནང་བཙན་བྱོལ་དུ་༧ཞབས་སོར་འཁོད་ནས་ཆོས་འབྲེལ་ཐོག་མ་དེ་ཡང་མོན་ཡུལ་མང་ཚོགས་རྣམས་ལ་ཐོབ་ཡོད། དེར་བརྟེན་དེ་རིང་དམིགས་བསལ་དུས་ཚིགས་ཁྱད་པར་ཅན་འདི་དྲན་གསོ་ཞུ་སླད་འདི་གར་མོན་ཡུལ་ནས་གཞུང་དམངས་གཉིས་བཅར་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་འདི་འབུལ་ལམ་ཞུས་རྒྱུ་ཡིན། ཞེས་གསུང་རྗེས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་གསུང་འཕྲིན་ཕུལ་བ་དེ་སྙན་སྒྲོན་ཞུས།
དེ་ཡང་གསུང་འཕྲིན་ནང་འཁོད་དོན། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མོན་རྟ་དབང་དགོན་པར་བཀའ་ཆོས་སྩལ་ནས་གྲངས་ཆ་ ༥༥ འཁོར་བའི་དུས་ཚིགས་རྩ་ཆེན་དེའི་སྐབས་ངས་ནོ་བེལ་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ངོས་ཀྱི་མངའ་སྡེའི་ནང་གི་ནང་པ་ཚོས་དེ་རིང་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དགའ་ལྡན་དགོན་པའི་ནང་བཀའ་དྲིན་རྗེས་དྲན་གྱི་དུས་ཚིགས་སྲུང་བརྩི་ཞུ་བཞིན་པ་དེར་ང་རང་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྟ་བུའི་སྐྱེ་བུ་དམ་པ་ང་ཚོའི་ཁྲོད་སྐུ་འཚོ་བཞུགས་ཐོག་ང་ཚོས་ཁོང་གི་བཀའ་སློབ་གསུང་གི་བདུད་རྩི་རོལ་རྒྱུའི་གོ་སྐབས་ཐོབ་པ་ནི་ཧ་ཅང་སྐལ་པ་བཟང་པོ་ཡིན། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པ་ནས་བཟུང་རིམ་བཞིན་འཛམ་གླིང་ཁྱོན་ལ་ཁོང་གིས་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་སོགས་བཟང་པོའི་བཀའ་སློབ་དེ་དག་རྒྱ་ཁྱབ་མཛད་ཡོད། དེར་བརྟེན་ཁོང་གི་གསུང་ལ་བརྟེན་ནས་ང་ཚོར་འཚེ་བ་མེད་པ་དང་ཞི་བདེའི་ཉམས་ལེན། ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུའི་བློ་སྤོབས་སྐྱེ་བཞིན་ཡོད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་དུས་རབས་ ༢༡ གི་མེས་པོ་དམ་གྷན་དྷིར་ངོས་འཛིན་ཞུ་བཞིན་པ་ནི་དོན་ལ་གནས་པ་ཞིག་ཡིན། དེང་སྐབས་འཐབ་འཁྲུག་དང་ཞེ་སྡང་གིས་བཟི་བའི་འཛམ་གླིང་ནང་༧གོང་ས་མཆོག་ལྟ་བུ་དགོས་ངེས་ཅན་ཞིག་ཆགས་ཡོད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་དབུ་ཁྲིད་སྙན་གྲགས་ཆེ་ཤོས་ཤིག་ཆགས་ཡོད། ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་བོད་ཀྱི་༧སྐྱབསམགོན་ཏཱ་ལའི་བླ་མ་མཆོག་གིས་ནང་ཆོས་འགྲེལ་བཤད་མཛད་སྐབས་ཚན་རིག་དང་མཐུན་པའི་ཐོག་ནས་དངོས་ཐོག་བདེན་འཚོལ་མཛད་བཞིན་ཡོད། ཁོང་གིས་རིག་པ་དང་རྒྱུ་མཚན་གཙོ་བོར་འཛིན་ནས་ནང་ཆོས་འགྲེལ་བརྗོད་མཛད་པ་དེས་དེང་སྐབས་འཛམ་གླིང་ནང་ནང་ཆོས་ལ་ལྟ་ཚུལ་གསར་པ་ཞིག་དང་ནང་ཆོས་ནི་གཞུང་ལུགས་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་པའི་ར་སྤྲོད་མཛད་ཡོད། སྐུ་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༥ ལོར་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱང་རྒྱུའི་ཞལ་བཞེས་མཛད་པར་མི་མང་ཚོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ངང་སྒུག་ཞུ་བཞིན་འདུག ཅེས་སོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་ཞུས།
དེ་ནས་ཀར་ན་ཊ་ཀ་མངའ་སྡེའི་ཆེས་མཐོའི་ཤེས་ཡོན་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ཨར་ཝི་དེ་ཤི་པན་ཌེ་ (R V Deshpanday) མཆོག་གིས་གསུང་བཤད་གནང་དོན། ཐོག་མར་ཕྲན་ནས་ཀར་ན་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ཀྱི་ཚབ་ཞུས་ཏེ་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་ནི་འཛམ་གླིང་ནང་གི་དབུ་ཁྲིད་གྲགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། ཞི་བདེའི་དེད་དཔོན་ཞིག་ཀྱང་ཡིན། དེར་བརྟེན་ཕྲན་ནས་ཐོག་མར་སྐུ་ཉིད་མཆོག་གི་འཕྲོད་བཞེས་དང་སྐུ་ཚེ་ཡུན་རིང་གནས་ཆེད་དཀོན་མཆོག་ལ་གསོལ་འདེབས་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་ཀར་ན་ཊ་ཀ་མངའ་སྡེའི་ནང་༧ཞབས་སོར་འཁོད་ནས་ང་ཚོར་མཇལ་རྒྱུའི་གོ་སྐབས་ཐོབ་པ་ནི་བསོད་ནམས་ཞིག་ཡིན། ཀར་ན་ཊ་ཀ་མངའ་སྡེ་དང་བོད་མིའི་དབར་འབྲེལ་བ་དམ་ཟབ་ཡོད། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མའི་མཚོན་དེ་རིང་ངས་འདིར་མ་ཞུས་ན་ངའི་ལས་འགན་ཞིག་མ་བསྒྲུབ་པ་ལྟ་བུ་ཆགས་རྒྱུ་རེད། གང་ཡིན་བརྗོད་ན་འདས་པའི་དུས་ཡུན་རིང་ཁོང་གིས་བོད་མི་དང་ཀར་ན་ཊ་ཀ་གཞུང་དབར་འབྲེལ་བ་སྲ་བརྟན་ཡོང་རྒྱུར་དཀའ་ལས་ཧ་ཅང་ཆེན་པོ་བརྒྱབ་ཡོད། ཕྲན་རང་ཉིད་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ཞིག་ཡིན་པའི་ངོས་ནས་བོད་མིའི་རིག་གཞུང་དང་འབྲེལ་བའི་ལག་ཤེས་བཟོ་རིགས་ཡར་རྒྱས་བཏང་ནས་མངའ་སྡེའི་ནང་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་ཤིག་སྐྲུན་ཐབས་བྱ་རྒྱུ་ཡིན། དེའི་ཐོག་ང་ཚོས་ལས་གཞི་མང་དག་གཅིག་སྤེལ་ཟིན་ཡོད། དེ་དག་ཁོངས་ནས་གཅིག་ནི་འདི་ལོའི་ཕྱི་ཟླ་ ༧ ཚེས་ཉིན་སྐུ་ཉིད་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་ནས་ལས་གཞི་སྤེལ་བ་རེད། བོད་མི་ཚོའི་ལམ་བཟོ་དང་འཛུགས་བསྐྲུན་ལས་གཞི་ཡར་རྒྱས་གཏོང་ཆེད་མངའ་གཞུང་ནས་སྒོར་འབུམ་ ༧༥ གཏོང་རྒྱུ་ཡིན། དེ་རིང་འདིར་བཅར་རྒྱུ་བྱུང་བ་ཕྲན་རང་ཧ་ཅང་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་བ་མ་ཟད། སྐུ་ཉིད་མཆོག་ཀར་ན་ཊ་ཀ་མངའ་སྡེའི་ནང་ཡང་ནས་ཡང་དུ་༧ཞབས་སོར་འཁོད་ཐུབ་པའི་རེ་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས་ཀར་ན་ཊ་ཀ་མངའ་སྡེའི་ནང་བོད་ཆུང་ཆུང་ཞིག་གསར་བརྙེད་བྱུང་བ། ཞེས་དབྱིན་ཡིག་ནང་ཡོད་པའི་དཔེ་དེབ་༧གོང་ས་མཆོག་ལ་སྤྱན་བསྟར་ཞུས།
དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ནས་དེ་རིང་འདིར་ཨ་རུ་ནཱ་ཅལ་པར་དེ་ཤི་ནས་ཕེབས་པའི་སྐུ་མགྲོན་རྣམ་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཕྲན་རང་ངོས་ནས་༧གོང་ས་མཆོག་རྟ་དབང་ལ་ཐོག་མར་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་སའི་ལམ་དེ་མཇལ་སྐབས་སེམས་ཚོར་ཧ་ཅང་ཐེབས་བྱུང་། དེ་ནི་གཙོ་བོ་སྐབས་དེར་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་སྐྱབས་བཅོལ་བ་ཁྲི་བརྒྱད་ལྷག་ཙམ་རྒྱ་གར་ནང་སྐྱབས་བཅོལ་དུ་ཆིབས་སྒྱུར་བསྐྱངས་ཡོད་ཅིང་དེའི་ཁྲོད་བོད་མི་རྒན་པ་མང་པོ་ཞིག་གིས་ང་ཚོ་ཉིན་གཅིག་བོད་དུ་ཕྱིར་ལོག་བྱ་ཐུབ་རྒྱུ་རེད་བསམས་པའི་རེ་བའི་ངང་ནས་མི་ཚེ་རྫོགས་པ་དང་། འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་ ༥༥ རིང་སྐུ་ངལ་ཚད་མེད་སྐྱོན་ནས་འཛམ་གླིང་ཕྱོགས་གང་སར་ཆིབས་སྒྱུར་བསྐྱངས་ཡོད། འཛམ་གླིང་ཤར་ནུབ་ཀྱི་གླིང་ཆེན་ནང་༧གོང་ས་མཆོག་ལ་དད་གུས་ཧ་ཅང་ཞུ་བཞིན་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་ནི་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ། མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་སྤེལ་ཐབས་མཛད་མཁན་རླབས་ཆེན་གྱི་དབུ་ཁྲིད་གཅིག་ལ་ངོས་འཛིན་ཞུས་ནས་ཆེ་བསྟོད་དང་གཟེངས་རྟགས་གཙོ་ཆེ་བ་ ༡༥༠ ལྷག་ཐོབ་ཡོད། ལྷག་པར་༧གོང་ས་མཆོག་བཙན་བྱོལ་དུ་༧ཞབས་སོར་འཁོད་རྗེས་འཛམ་གླིང་ཤར་ནུབ་གང་སར་སངས་རྒྱས་ཀྱི་བསྟན་པ་ཕྱོགས་བཅུར་ཁྱབ་པ་དང་ཡང་སྒོས་བོད་བརྒྱུད་ནང་བསྟན་དར་འཕེལ་ཤུགས་ཆེ་མཛད་ཐུབ་པ་བྱུང་བ་དེ་ནི་ང་ཚོ་འཛམ་གླིང་ཡོངས་ཀྱི་ནང་པ་ཚང་མར་བཀའ་དྲིན་ཧ་ཅང་ཆེན་པོ་ཆགས་ཡོད། ༧གོང་ས་མཆོག་ནི་བོད་མི་རིགས་རིག་གཞུང་དང་བཅས་པར་རེ་བའི་མིག་འབུར་ལྟ་བུ་ཡིན། ཕྲན་གྱིས་རྒྱ་གར་གཞུང་དམངས་གཉིས་དང་ལྷག་པར་ཀར་ན་ཊ་ཀ་མངའ་སྡེའི་ནང་བོད་མི་གྲངས་འབོར་ཆེ་ཤོས་དང་དགོན་སྡེ་གྲྭ་ཚང་རྒྱ་ཆེ་ཤོས་ཀྱི་བསྟི་གནས་ཁང་བཙུགས་ནས་སློབ་གཉེར་འཛིན་སྐྱོང་སྤེལ་གསུམ་ཡོང་རྒྱུར་མངའ་སྡེའི་གཞུང་དམངས་གཉིས་ཀྱིས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་དེར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་རྒྱ་གར་ནང་སྲིད་བཀའ་བློན་གཞོན་པ་སྐུ་ཞབས་ཀི་རེན་རི་ཇི་ཇུ་མོ་མཆོག་གིས་གསུང་བཤད་གནང་དོན། རྒྱ་གར་ནི་དུས་རྒྱུན་འཕགས་ཡུལ་ཞེས་ཆོས་ཀྱི་བསྟི་གནས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། འོན་ཀྱང་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འདིར་༧ཞབས་སོར་འཁོད་པ་དེ་བྱིན་རླབས་འཕར་མ་ཐོབ་པ་ལྟ་བུ་ཆགས་ཡོད། སྤྱིར་བོད་རྒྱ་འོག་ཏུ་ཤོར་བ་དེར་ང་ཚོར་ཧ་ཅང་བློ་ཕམ་ཡོད། འོན་ཀྱང་རྐྱེན་ངན་གྲོགས་ཤར་གྱི་ཚུལ་དུ་རྒྱ་གར་དུ་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་༧ཞབས་སོར་འཁོད་ནས་ཁོང་གི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཐོབ་པ་འདི་ནི་གྲོགས་སུ་ཤར་བ་ལྟ་བུ་རེད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དུས་རྟག་ཏུ་རྒྱ་གར་བླ་མ་དང་བོད་དེ་སློབ་མ་ཡིན། ཞེས་བཀའ་སློབ་སྩོལ་བཞིན་ཡོད། འོན་ཀྱང་ང་དང་རྒྱ་གར་གཞུང་དམངས་བཅས་ཀྱིས་སྐུ་ཉིད་མཆོག་ནི་རྒྱ་གར་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་བླ་མར་ངོས་འཛིན་ཞུ་བཞིན་ཡོད། སྐུ་ཉིད་མཆོག་ནི་བྱམས་བརྩེ་དང་འཚེ་མེད་ཞི་བའི་མཚོན་རྟགས་ཤིག་ཡིན། དེང་སྐབས་ང་ཚོས་འཛམ་གླིང་ནང་རྙོག་གྲ་ཧ་ཅང་མང་པོ་མཐོང་བཞིན་ཡོད། དེར་བརྟེན་སྐུ་ཉིད་མཆོག་ནི་འཛམ་གླིང་ནང་དེ་བས་དགོས་མཁོ་ཆེ་བ་ཆགས་ཡོད། བོད་དང་རྒྱ་གར་གཉིས་ཆབ་སྲིད་ཀྱི་ཐོག་ནས་ངོ་བོ་གཉིས་ཡིན་པར་ངོས་འཛིན་བྱེད་ཆོག་ཀྱང་ཆོས་དང་རིག་གཞུང་གི་ཆ་ནས་གཅིག་ལྟ་བུ་ཡིན། འཕགས་བོད་ཡུལ་གཉིས་ཀས་རྒྱ་གར་སྲོལ་རྒྱུན་གྱི་ལྟ་གྲུབ་གཞིར་བཞག་ཐོག་ནས་ཉམས་ལེན་བྱེད་བཞིན་ཡོད། ལྷག་པར་ཡུལ་གཉིས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་བཟོ་གནང་མཁན་ནི་སྐུ་ཉིད་མཆོག་ཡིན། དེར་བརྟེན་སྐུ་ཉིད་མཆོག་གིས་རྒྱ་གར་གྱི་གནའ་རབས་ཀྱི་ཆོས་དང་རིག་གཞུང་དེ་དག་འཛམ་གླིང་ཡུལ་གྲུ་གང་སར་དར་སྤེལ་མཛད་པ་དེར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་མཛད་པ་ལྟར་སུ་གཅིག་གིས་དེ་ལྟར་གནང་ཐབས་བྲལ། སྐུ་ཉིད་མཆོག་ས་ཕྱོགས་གང་དུ་ཆིབས་སྒྱུར་བསྐྱངས་ཡང་བྱིན་རླབས་ཀྱིས་ཁྱབ་པར་མཛད་བཞིན་ཡོད། ཕྲན་རང་སྒེར་ལ་མཚོན་ནའང་སྐུ་ཉིད་མཆོག་ཡང་ཡང་མཇལ་རྒྱུའི་གོ་སྐབས་ཐོབ་པ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། སྐུ་ཉིད་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་ནས་༧གོང་ས་མཆོག་གིས་མོན་གྷོ་གཞིས་ཆགས་སུ་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེ་གཞུང་གིས་མཐུན་འགྱུར་འོག་ཡ་ཏྲི་ནི་ཝ་སི། (Yatri Niwas) ཞེས་མགྲོན་ཁང་གསར་རྒྱག་གི་ལས་གཞི་དབུ་འབྱེད་མཛད།