༢༠༡༤ ཟླ་ ༡༢ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་གྱི་འདུ་ཁང་ནང་སྒྲུབ་ཞག་མཛད་རྗེས་དཔལ་ལྡན་ལྷ་མོའི་རྗེས་གནང་སྩལ།
དེ་ཡང་སྔོན་འགྲོའི་བཀའ་སློབ་སྩལ་དོན། ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག་གསུངས་པ་བཞིན། ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་འབད་བརྩོན་བྱེད་དགོས། རྩ་བའི་འཛམ་གླིང་འདིའི་སྟེང་མི་འབོར་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་ཚང་མས་ནང་པ་བྱེད་དགོས་རྒྱུ་མེད་ལ་བྱེད་ཐུབ་རྒྱུའང་མེད། འཛམ་གླིང་གི་མི་ཡོངས་རྫོགས་སངས་རྒྱས་པ་ཤོག ཅེས་སྨོན་ལམ་ཇི་ཙམ་བརྒྱབ་ཀྱང་སངས་རྒྱས་ཐུབ་རྒྱུ་མེད།
དེ་བཞིན་ཚང་མ་ནང་པ་ཆགས་པར་ཤོག ཅེས་སྨོན་ལམ་བརྒྱབ་ཀྱང་ནང་པ་ཆགས་ཐུབ་རྒྱུ་མེད། དེ་ནི་གཙོ་བོ་མི་སོ་སོའི་ཁམས་དང་མོས་པ་རེད
གང་ལྟར་འཛམ་གླིང་འདིའི་སྟེང་སྟོན་པ་ཐུབ་པའི་དབང་པོས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསུང་མཁན་གྱི་སྟོན་པ་འདིའི་ཆོས་ཚུལ་འདི་ཆོས་དད་ཡོད་མེད་ཚང་མའི་བློར་འཇུག་པོ་དང་། ཟུག་དུས་དེར་དོ་སྣང་དང་སེམས་རྒྱུད་འདུལ་རྒྱུ་ཏན་ཏན་ཡོང་ཐུབ།
དེའི་ཚེ་དེའི་དུས་ཐུགས་སྨོན་གནང་བ་ཞིག་རེད། ང་ཚོ་ཐུགས་སྨོན་སྒྲུབ་མཁན་གྱི་མི་ཆགས་ཀྱི་ཡོད། ཐུགས་སྨོན་སྒྲུབ་པར་གཙོ་བོ་འཛམ་གླིང་འདིའི་སྟེང་ཤེས་ཡོན་ཅན་སྤྱི་ལ་འགན་ཡོད། རང་རང་སོ་སོའི་འགན་ངོས་འཛིན་བྱས་རུང་མ་བྱས་རུང་མི་སྤྱི་ལ་ཕན་ཐོགས་བྱེད་དགོས་པའི་འགན་ཚང་མར་ཡོད། དེའི་ནང་ནས་སངས་རྒྱས་ཀྱི་ཆོས་པ་དང་། ཐེག་ཆེན་གྱི་ཆོས་བརྒྱུད། བོད་གངས་ཅན་པ། དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པར་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་དེ་དག་གིས་འཁུར་དུ་འཁྲིས་པ་ཆགས་ཀྱི་ཡོད།
ཁྱེད་ཚོས་འདིར་མཐུན་རྐྱེན་འཛོམས་པོ་དེ་ཙམ་མེད་ཀྱང་མི་རབས་གཅིག་གཉིས་ས་ཆ་འདིར་བསྡད་ནས་དཀའ་ལས་བརྒྱབ་པ་དེས་དངོས་གནས་ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་ཞབས་འདེགས་ཕྲན་བུ་བསྒྲུབ་ཡོད། ད་དུང་ཡང་ནམ་མཁའ་མ་ཟད་བར་དུ་བརྗོད་དུ་ཁག་པོ་རེད། འཛམ་གླིང་འདིའི་སྟེང་མིའི་འགྲོ་བ་ཇི་ཙམ་གནས་བའི་རིང་སངས་རྒྱས་ཀྱི་བསྟན་འབྱུང་དེ་ཁོ་ན་ཉིད་ལས་བརྩམས་པའི་སེམས་དུལ་བའི་འདུལ་ཐབས་གསུངས་པ་དེ་འཛམ་གླིང་འདིའི་སྟེང་ཕན་ཐོགས་ཏན་ཏན་ཡོང་ཐུབ། སྤྱི་པའི་འགན་འཁུར་ཡིན་བསམས་པ་བྱས་ཏེ་སོ་སོའི་ཉམས་ལེན་ཡིན་ནའང་འདི་ལྟར་བྱས་པ་ཡིན་ན། དེ་ལས་ལྷག་པའི་ཉམས་ལེན་དགོས་རྒྱུ་མེད།
དེ་རིང་སྐབས་སུ་བབ་པ་ནི། དཔལ་ལྡན་ལྷ་མོའི་རྗེས་གནང་བྱ་རྒྱུ་རེད། བླ་མ་ཡིད་དམ། མཁའ་འགྲོ། ཆོས་སྲུང་། ཞེས་ཆོས་སྲུང་ཁ་སང་ལམ་རིམ་ཁྲིད་སྐབས་སུ་འཐོན་པ་ལྟར་རེད། སྔ་འགྱུར་རྙིང་མར་ཆ་མཚོན་ན། མ་མོ་དེ་གཙོ་བོ་ཆགས་ཀྱི་ཡོད། དཔལ་ས་སྐྱ་པ་ལ་གུར་ཞལ་དང་ལྕམ་གྲལ་གསུང་སྐབས་ལྷ་མོ་དེ་གཙོ་བོ་ཆགས་ཀྱི་འདུག ངོས་ཀྱིས་ཚོད་ཐིག་པ་དེ་འདྲ་ཞིག་རེད། ལྷ་མོའི་རྣམ་འགྱུར་མི་འདྲ་བ་དེ་འདྲའི་ཐོག་ནས་རྟེན་སྲུང་གཙོ་བོ་ཞིག་ཆགས་ཀྱི་ཡོད། དེ་ནས་དགེ་ལྡན་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་རང་ཉིད་ཞལ་བཞུགས་སྐབས་ལྷ་མོ་དེ་ཙམ་གྱི་ཡོངས་སུ་གྲགས་པ་ཞིག་ཡོད་པ་ལྟ་བུ་མིན་འདུག དེ་ནས་དེའི་མཚམས་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་རེད། དགེ་འདུན་གྲུབ་པས་ལྷ་མོའི་རྗེས་གནང་་གསན་སའི་མཚན་དེ་ངོས་ཀྱིས་དྲན་མ་སོང་། གང་ལྟར་ཁོང་གཉིས་བླ་སློབ་བྱས་ནས་དགེ་འདུན་གྲུབ་པ་ཞེས་པའི་མཚན་དེ་ཡང་ཁོང་གིས་གསོལ་བ་རེད།
ཁོང་རྣམ་གཉིས་བླ་སློབ་བྱས་ནས་བཀའ་མོལ་ཡོང་བའི་སྐབས་སུ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དངོས་གནས་དྲང་གནས་གྲྭ་པ་གྲྭ་རྐྱང་། ཐུགས་ཆུང་ཆུང་། མཁས་པའི་རྩེར་སོན་པ། རྗེ་རིན་པོ་ཆེའི་སྐུ་ཚེའི་སྨད་ཀྱི་དངོས་སློབ་རེད། ལྷ་མོའི་རྗེས་གནང་དེ་གསན་ནས་བླ་མ་དེ་ཡིན་པ་ཡོད། ཁོང་གིས་ཐམས་ཅད་མཁྱེན་པ། ཞེས་པའི་མཚན་བསྟོད་དེ་གནང་ནས་ཐམས་ཅད་མཁྱེན་པ། ཅེས་བརྗོད་རྒྱུ་དེ་བྱུང་བ་རེད། དེ་ནས་མར་བྱས་ནས་ལྷ་མོའི་རྗེས་གནང་གཅིག་གསན་ནས་དཔལ་ལྡན་ལྷ་མོ་དང་དམིགས་བསལ་འབྲེལ་བ་ཞིག་ཆགས་ཡོད། སྤྱིར་ཁོང་གི་སྐུ་སྐྱེས་སྔོན་མ་དང་དཔལ་ལྡན་ལྷ་མོ་དམིགས་བསལ་འབྲེལ་བ་ཞིག་ཡོད་པ་ཧ་ཅང་གསལ་པོ་རེད། དེ་འདྲ་ཡིན་དུས་དགེ་འདུན་གྲུབ་པའི་སྲུང་མ་ཟེར་ནའང་འདྲ། ཐུན་མོང་མིན་པ་ཞིག་ཆགས་འདུག བཀྲ་ཤིས་ལྷུན་པོ་བཞེང་རྒྱུའི་ལུང་བསྟན་དང་མདོར་ན་ལྷུན་པོ་ཟེར་རྒྱུའི་ཚིགས་འདི་ལྷ་མོས་བཏགས་འདུག དེར་བརྟེན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ཐུན་མོང་མིན་པ་ཞིག་རེད། དེའི་ཡང་སྲིད་དགེ་འདུན་རྒྱ་མཚོ་སྐུ་ཆུང་ཆུང་སྐབས་ནས། ངོས་ཀྱི་དགོན་པ་བཀྲ་ཤིས་ལྷུན་པོར་ཡོད། ཅེས་བཀྲ་ཤིས་ལྷུན་པོར་ཕེབས་རྒྱུའི་དགོངས་པ་ཞིག་ཆུང་ཆུང་སྐབས་ནས་ཡོད་པ་ཞིག་རེད།
དགེ་འདུན་རྒྱ་མཚོ་ནི་གཞན་དང་མི་འདྲ་བ་ཞིག་རེད་འདུག དག་སྣང་དེ་འདྲ་ཆུང་ཆུང་སྐབས་ནས་ཡོད་མཁན་ཞིག་རེད། ངོས་ཀྱིས་ནམ་རྒྱུན་ཞུ་རྒྱུ་དེ་རེད། ཉིན་གཅིག་ཕལ་ཆེར་དགུན་དུས་ཤིག་ལ་རེད། གནམ་གཤིས་གྲང་མོ་བྱས། སྐབས་དེར་དགེ་འདུན་རྒྱ་མཚོ་དགུང་ལོ་བཞི་ལྔ་ཙམ་སོན་པའི་ཕྲུ་གུ་ཆུང་ཆུང་རེད། ཞབས་ཕྱི་དེ་དག་མེ་བསྲོས་ནས་བཞུགས་སྐབས་ཞབས་ཕྱི་གཅིག་གིས་སྐུ་རྩེད་ཞུས་ནས། སྲུང་མ་ཟེར་ན་མགོན་པོ་གུར་ཞལ་ལྟ་བུ་དགོས་རེད། ཅེས་དགེ་འདུན་རྒྱ་མཚོ་ཕྲུ་གུ་ཆུང་ཆུང་ཡིན་པ་དེར་སྙད་གཙེས་འདུག ཅེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས། མཐར་ངོས་ཀྱི་མི་ཚེ་འདིའི་ནང་ཐོག་མར་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་བླངས་པ་ནས་བཟུང་བ་གཅིག་དང་། དེ་ནས་རྒྱ་ནག་དང་རྒྱ་གར་དུ་འགྲོ་རྒྱུ། རྒྱ་གར་ནས་སླར་བོད་དུ་ལོག་དུས་རེད། མཐར་ཕྱི་ལོ་ ༡༩༥༩ ལོར་ནོར་བུ་གླིང་ག་ནས་མར་བྲོས་རྒྱུ་སོགས་གནད་དོན་གཙོ་ཆེ་བ་དེ་དག་གཟན་རྟགས་བསྒྲིལ་ནས་ཐག་བཅད་པ་ཡིན། ད་ལྟ་ངོས་རང་ལོ་བརྒྱད་ཅུར་བསླེབས་སོང་། བསླུ་བ་ཁྱོན་ནས་མ་བྱུང་། ཙག་ཙིག་དེ་འདྲ་ཁར་ཐུག་ཁར་ཐུག་མོ་བརྒྱབ་ནས་འགྲོ་གི་ཡོད། དེར་བརྟེན་དཔལ་ལྡན་ལྷ་མོ་དང་ཐུན་མིན་འབྲེལ་བ་ཞིག་ཡོད་པ་ངོས་ཀྱིས་མྱོང་བའི་ཐོག་ནས་བརྗོད་ཐུབ་རྒྱུ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་ལྷ་མོའི་རྗེས་གནང་བཀའ་དྲིན་ཆེ་བ་སྩལ།།