ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༨ ཉིན་མོན་གྷོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་རེ་ཞིག་མཇུག་སྒྲིལ་རྗེས་དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་བཙུན་མགོན་བྱང་ཆུབ་ཆོས་གླིང་དུ་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ་དོན།
བར་ལམ་ཞིག་ནས་མོན་གྷོ་གཞིས་ཆགས་ཀྱིབཙུན་མ་ཚོ་རྟགས་གསལ་གཏོང་རྒྱུ་ཡག་ཤོད་འདུག ཅེས་དེ་འདྲ་ཤོད་རྒྱུ་བྱུང་བ་རེད། ཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། སྔ་མོ་བོད་ལ་བཙུན་མ་ཚོས་མཚན་ཉིད་རྩོད་པ་དང་། དཔེ་ཆ་ལྟ་རྒྱུ་དེ་འདྲ་སྔ་མོ་སྔ་མོའི་སྐབས་བྱུང་བའི་ལོ་རྒྱུས་དེ་འདྲ་ཤོད་རྒྱུ་ཡོད་ན་མ་གཏོགས་གཞན་བར་སྐབས་ལ་མེད། ང་ཚོ་འདིར་རྒྱ་གར་དུ་བསླེབས་ནས་ཕལ་ཆེར་ཕྱི་ལོ་ ༡༩༦༠ རེ་གྲངས་ནས་དགེ་སློང་མ་བསྒྲུབ་རྒྱུ་ཟེར་བ་དེ་ངོས་ནས་ཀྱང་ཐག་གཅོད་ཐུབ་པ་ཞིག་མེད། དེ་འདུལ་བའི་གཞུང་གཞིར་གཞག་བྱས་ནས་འགྲོ་རྒྱུ་རེད་མ་གཏོགས་བྱ་ཐབས་མེད། འདུལ་བའི་གཞུང་དང་མཐུན་པ་ཞིག་ང་རང་ཚོའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་དགེ་སློང་མ་བསྒྲུབ་རྒྱུ་འགྲིག་དང་མ་འགྲིག་སྐོར་ལ་ངོས་ཀྱི་ཐག་གཅོད་ཐུབ་རྒྱུ་མེད། འོན་ཀྱང་སློབ་སྦྱོང་བྱ་རྒྱུའི་ཐད་ངོས་ཀྱི་ཐག་གཅོད་ཐུབ་རྒྱུ་རེད། དེར་བརྟེན་ཐོག་མར་དགའ་ལྡན་ཆོས་གླིང་ཡིན་པ་ཡོད། དེར་ངོས་ཀྱིས་ཆོས་འབྲེལ་སྐབས་ཤིག་ལ་མངོན་རྟོགས་རྒྱན་བཤད་ལུང་ འགོ་བཙུགས་ནས་འདོན་སྐབས་ངོས་ཀྱིས་ཁྱེད་རང་ཚོས་དཔེ་ཆ་བལྟ་དགོས། ཞེས་བརྗོད་རྒྱུ་བྱུང་།
ཕྱི་ལོ་ ༡༩༦༠ ནང་རེད། རིམ་བཞིན་བཙུན་དགོན་ཚོས་གཞུང་ཆེན་བལྟ་དགོས་རེད། ཅེས་བརྗོད་རྒྱུ་བྱུང་། དེ་ནས་རིམ་བཞིན་ཁྱེད་རང་ཚོར་ཆ་མཚོན་ན་ཕྱི་ལོ་ ༡༩༨༧ ནས་གཞུང་ཆེན་ལྟ་རྒྱུ་འགོ་བཙུགས་ཡོད། བར་སྐབས་བཙུན་མས་མཚན་ཉིད་བལྟས་ཏེ་ལོ་བཅུ་བདུན་བཅོ་བརྒྱད་ཕྱིན་ནས་དགེ་བཤེས་མ་འཇོག་རྒྱུའི་མཚམས་ལ་བསླེབས་ནས་ཆོས་དོན་ལས་ཁུངས་ནས་དགེ་བཤེས་མ་དམ་འཇོག་བྱ་རྒྱུའི་སྒྲིག་གཞི་གཏན་འབེབས་བྱས་ཡོད། ངོས་རང་སྒེར་གྱི་ངོས་ནས་བརྗོད་ནའང་དེར་ངོས་ཀྱིས་འབོད་སྐུལ་བྱས་ནས་གྲུབ་འབྲས་དེ་འདྲ་ཞིག་བྱུང་ཡོད། དེར་བརྟེན་དེ་ངོས་ཀྱི་བྱས་རྗེས་ཡིན་བསམ་པ་དྲན་གྱི་ཡོད། གཙོ་བོ་ངོས་ཀྱིས་འབོད་སྐུལ་བྱས་པ་ཙམ་གྱི་ཡོང་རྒྱུ་གང་ཡང་མེད། གཙོ་བོ་ཁྱེད་རང་ཚོས་ལོ་ནས་ལོ་མཐུད་ནས་ལུས་ལ་རབ་བྱུང་གི་རྟགས་ཆ་ལུགས་གྱོན་པ་དང་ཆབས་གཅིག་གཞུང་ཆེན་བལྟས་ནས་དེ་ཡང་རྩོད་པ་རྩོད་ནས་ཕྱིན་པ་རེད། དེར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ད་དུང་ཡང་རང་ཉིད་ཀྱིས་བྱང་ཆུབ་བསྒྲུབ་རྒྱུ་ལ་མཚོན་ནའང་དཔེ་ཆ་ཤེས་པའི་ཐོགས་ནས་བསམ་བློ་གཏོང་རྒྱུ་དེ་རྒྱ་ཆེན་པོ་ཞིག་ཡོང་གི་ཡོད། ཇི་ཙམ་གྱི་བསམ་བློ་གཏོང་རྒྱུ་རྒྱ་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་སེམས་ལ་འགུལ་སྐྱོག་འཐེབ་རྒྱུར་ཁྱད་པར་ཆེན་པོ་ཡོད། རྒྱ་ཆེན་པོ་ཞིག་ལ་བསམ་བློ་གཏོང་མ་ཐུབ་ན། སྐྱབས་སུ་འཆི། ཟེར་བ་ཙམ་གྱི་ཐོག་ནས་ཕྱིན་པ་ཡིན་ན་དེ་ཙམ་གྱི་ནུས་པ་འཐོན་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན་སྒེར་པ་སོ་སོའི་ངོས་ནས་བཤད་ནའང་གཞུང་ཆེན་དཔེ་ཆ་བལྟ་སྐབས་སོ་སོའི་ཉམས་ལེན་བྱ་རྒྱུ་དང་རྣམ་མཁྱེན་གོ་འཕངས་བསྒྲུབ་རྒྱུའི་ནུས་པ་ཧ་ཅང་ཆེ་བ་ཡོད། བསྟན་པ་སྤྱི་ལ་མཚོན་ནའང་བཙུན་མ་རབ་བྱུང་མ་དགེ་བཤེས་འཐོན་ནས་སློབ་གྲྭ་དེ་འདྲའི་ནང་ཆོས་དགེ་དེ་འདྲ་བྱེད་ཐུབ་ན། ཧ་ཅང་ཕན་ཐོགས་ཡོང་རྒྱུ་རེད། དཔེར་ན་ཡི་ཤུའི་ཨ་ནི་དེ་འདྲས་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུག་རྒྱུ་དང་། སློབ་གྲྭ་ཁག་ནང་དགེ་རྒན་བྱ་རྒྱུ་སོགས་བྱེད་བཞིན་འདུག ང་རང་ཚོའི་བཙུན་མའི་ནང་དེ་འདྲ་མང་ཙམ་འཐོན་ཐུབ་པ་བྱུང་ན། ལྷག་པར་དགེ་རྒན་བྱེད་མཁན་མང་ཙམ་བྱུང་ན། ཧ་ཅང་ཕན་ཐོགས་ཡོང་ངེས་རེད། དེང་སྐབས་ཕོ་མོ་འདྲ་མཉམ། ཞེས་ང་ཚོས་ཤོད་ཀྱི་ཡོད། འདྲ་མཉམ་ཡོང་རྒྱུ་ངོ་མ་དེ་སློབ་སྦྱོང་ཐོག་ནས་དགེ་བཤེས་དང་དགེ་བཤེས་མ། ཞེས་འདྲ་འདྲ་འཐོན་ཐུབ་པ་ཞིག་བྱུང་ན་ང་རང་ཚོའི་ཕོ་མོ་འདྲ་མཉམ་གྱི་གནས་ཚུལ་ལའང་ཕན་ཐོགས་ཡོད། བཅོམ་ལྡན་འདས་ཀྱི་རྩ་བའི་ཆ་ནས་དགེ་སློང་ཕ་དང་དགེ་སློང་མ། ཞེས་ཐོབ་ཐང་གཅིག་པ་གནང་ཡོད། འོན་ཀྱང་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་གྱི་ཡུལ་སྤྱོད་དང་བསྟུན་ནས་དགེ་སློང་ཕ་གྲལ་གྱི་གོང་དུ་བསྡད། དགེ་སློང་མ་གྲལ་གྱི་འཇུག་ཏུ་སྡོད་རྒྱུ་དེ་འདྲ་ཞིག་ཡོད། དེ་ནི་གཙོ་བོ་སྐབས་དེའི་རྒྱ་གར་གྱི་ཡུལ་སྤྱོད་དང་མཐུན་པ་ཞིག་རེད།
དེ་རིང་ཁ་སང་དུས་སྐབས་སུ་བུད་མེད་དང་སྐྱེད་པ་འདྲ་མཉམ་ཡིན། ཞེས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ཙམ་དུ་མ་ཟད། ངོས་ཀྱིས་ནམ་རྒྱུན་དུ་བརྗོད་ཀྱི་ཡོད། དེ་རིང་ཁ་སང་དུས་སྐབས་སུ་དེང་དུས་ཀྱི་ཤེས་ཡོན་རྐྱང་པས་འདང་གི་མེད། དེ་རིང་ཁ་སང་དུས་ཚོད་ལ་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུ་དེ་གནད་དགག་ཆེན་པོ་ཞིག་ཆགས་ཡོད། དེ་འདྲ་ཡིན་དུས་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུར་སོ་སོའི་ལུས་པོའི་བསྒྲུབ་ཆ་ནས་བུད་མེད་ཚོས་གཞན་སྡུག་བསྔལ་གྱི་མནར་བ་ལ་མི་བཟོད་པ་དེ་ཤུགས་ཆེ་བ་ཡོང་གི་ཡོད། དེ་འདྲ་ཡིན་དུས་དེ་རིང་ཁ་སང་གི་དུས་ཚོད་ལ་འཛམ་གླིང་ཤེས་ཡོན་གྱི་ནང་བྱམས་བརྩེ་སློབ་སྦྱོང་སྤྲོད་རྒྱུ་ཡོད་པ་ཞིག་དང་། དེའི་ཐོག་ནས་སྤྱི་ཚོགས་ནང་བྱམས་བརྩེ་གོང་མཐོར་གཏོང་དགོས་པའི་དུས་ཚོད་གཅིག་ལ་ཁྱེད་རང་ཚོ་བུད་མེད་ཚོ་གནད་དགག་ཆེན་པོ་ཞེ་དྲག་ཆགས་ཡོད། དེ་མཁྱེན་བྱུང་ནམ། འདི་ཁྱེད་ཚོས་སེམས་ལ་བཞག ད་བར་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཚང་མས་ཤུགས་བརྒྱབ་ནས་ཧུར་ཐག་བྱེད་དགོས་པ་ལས་ང་ཚོ་ཨ་ནི་ཡིན། ཞེ་དྲག་བྱེད་ཐུབ་རྒྱུ་གང་ཡང་མེད། ཅེས་དེ་འདྲའི་བསམ་བློ་མ་གཏོང་། ལམ་རིམ་ནང་རྣམ་སྨིན་ཡོན་ཏན་བརྒྱད་བཤད་སྐབས་སྐྱེས་པ་ཕོ་ལུས་ཡིན་པར་ཤོག ཟེར་རྒྱུ་དེ་འདྲ་ཡོད།
དེ་བཞིན་སྤྱོད་འཇུག་དང་རིན་ཆེན་ཕྲེང་བའི་ནང་དུའང་སྐབས་རེ་བུད་མེད་ཀྱི་རྟེན་དེ་དམན་པ་ལྟ་བུ་བརྩིས་པ་དེ་འདྲ་གཞུང་ནས་བཤད་རྒྱུ་ཡོད། རེད་ཀྱང་རེད། ཁྱེད་ཚོས་རྒྱག་རེས་རྒྱག་དགོས་བྱུང་ན་ཁྱོ་ག་ཤུགས་ཆེ་བ་ལས་སྐྱེ་དམན་ཤུགས་ཆེ་རྒྱུ་མེད། དེ་འདྲའི་ཐོག་ནས་སྤྱིར་སྟངས་ཀྱི་ཤོད་ཀྱི་ཡོད་པ་ལས། གཞན་མིའི་ཀླད་པ་ལ་བུད་མེད་དང་ཁྱོ་ག་གཉིས་ལ་དབྱེ་བ་གང་ཡང་མེད། ཐོབ་ཐང་དབྱེ་བའང་གང་ཡང་མེད། རྒྱ་གར་གྲུབ་ཆེན་བརྒྱད་བཅུའི་ནང་དུའང་བུད་མེད་འགའ་ཤས་ཡོད། དགེ་སློང་མ་བོད་ལ་དཔེར་ན། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སྨྱུང་གནས་ཀྱི་ཕྱག་སྟོང་སྤྱན་སྟོང་སྤྱན་རས་གཟིགས་ཀྱི་ཆོ་ག་དེ་འདྲའི་སྨྱུང་གནས་གཏོང་གི་ཡོད། དེ་ཡང་དང་པོ་ཁུངས་གཏུགས་ས་དེ་དགེ་སློང་མ་རེད། དགེ་སློང་མ་དཔལ་མོ་ཞུ་རྒྱུ་ཁོང་རེད། གང་ལྟར་བསྟན་པའི་བྱ་བ་ཆེན་པོ་བསྒྲུབ་ཡོད། བོད་དུའང་བུད་མེད་ཀྱི་རྣལ་འབྱོར་མ་ཆེན་པོ་དེ་འདྲ་བྱུང་ཡོད། དཔེར་ན་དཔྱོད་གཏོང་མཁན་ལ་མཚོན་ནའང་རེད། གང་ལྟར་མང་པོ་གཅིག་གིས་བུད་མེད་ཀྱི་རྟེན་ལ་བསྟན་པའི་བྱ་བ་བསྒྲུབ་མཁན་མང་པོ་བྱུང་ཡོད། དེར་བརྟེན་ཁྱེད་ཚོས། ང་ཚོ་བུད་མེད་ཡིན། ཞེ་དྲག་གང་ཡང་ཡོང་གི་མ་རེད་བསམ་པའི་བསམ་བློ་དེ་འདྲ་མ་བཏང་བར་ང་ཚོ་འདྲ་མཉམ་ཡིན་ཞེས་ངར་སེམས་དོད་ཙམ་བྱེད་དགོས། ཡང་འདྲ་མཉམ་ཡིན། ཞེས་འཛིང་རེས་དང་ཨབ་ཏང་ཚད་དགོས་ནའང་འདྲ་མཉམ་ཡིན། ཞེས་བརྗོད་ཐུབ་རྒྱུ་རྩ་བ་ནས་མེད། ང་ཚོ་འདྲ་མཉམ་ཡིན་བརྗོད་རྒྱུ་དེ་སངས་རྒྱས་ཀྱི་ཆོས། བཅོམ་ལྡན་འདས་ཁོང་རང་གིས་དགེ་སློང་མ་ཞེས་ཐོབ་ཐང་གཅིག་པ་གནང་ཡོད། དེར་བརྟེན་ང་ཚོས་སློབ་སྦྱོང་བྱེད་རྒྱུ་དེ་དག་ཚང་མ་སྐྱེས་པ་དང་འདྲ་མཉམ་བྱས་ནས་ཕྱིན་ཏེ་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་བསྒྲུབ་རྒྱུ་དེ་དག་རབ་བྱུང་ཕོ་དང་འདྲ་མཉམ་བྱེད་ཐུབ་པ་གཅིག་བྱ་རྒྱུ་ཡིན། ཁྱེད་ཚོས་སེམས་ཤུགས་སྐྱེད་ཤོག་ཨང་། ཞེས་བཀའ་སློབ་སྩལ་བསྟུན་འབྲས་སྤུངས་ཚོགས་ཆེན་དུ་ཆིབས་སྒྱུར་བསྐྱངས།