༢༠༡༤ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་དུ་ལམ་རིམ་བཀའ་ཆོས་རེ་ཞིག་ལེགས་པར་མཇུག་སྒྲིལ་རྗེས་ཉིན་གུང་ཆུ་ཚོད་ ༢།༣༠ ཐོག་སྔ་འགྱུར་རྡོར་བྲག་གསང་སྔགས་ཆོས་འཁོར་གླིང་དུ་གནས་གཟིགས་མཛད།
དེ་ཡང་༸གོང་ས་མཆོག་དགོན་པ་དེར་༸ཞབས་སོར་འཁོད་བསྟུན། མཁན་ཚབ་བཀྲ་ཤིས་ལགས་ཀྱིས་གཙོས་དགེ་འདུན་པ་ཞལ་གྲངས་ ༣༠ བརྒལ་བ་དང་། དེ་བཞིན་དགོན་པའི་སྦྱིན་བདག་སོགས་ཀྱི་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་འདུ་ཁང་ནང་གནས་གཟིགས་མཛད་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་མ་ཐག་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་དགྱེས་བཞེས་མཛད། སྐབས་དེར་སྲིད་སྐྱོང་མཆོག་ཀྱང་ལྷན་བཅར་ཞུས་འདུག
འདི་གའི་གསར་འགོད་པས་རྙིང་དགོན་དེའི་ལས་སྣེ་ཡོན་ཏན་བཟང་པོ་ལགས་སུ་དགོན་པའི་ངོ་སྤྲོད་སྐོར་འདྲི་སྐབས་ཁོང་གིས་གསུང་དོན། འདི་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་དགོན་པ་རེད། མ་དགོན་དེ་སིམ་ལ་རྡོ་རྗེ་བྲག་དགོན་པ་ཡིན། འདི་བུ་དགོན་རེད། དགོན་པ་འདི་ཕྱི་ལོ་ ༡༩༧༢ ལོར་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པ་ཡིན། དགོན་པའི་འཛིན་སྐྱོང་མཁན་ཚབ་ཞིག་གིས་གནང་བཞིན་ཡོད། ༸སྐྱབས་མགོན་རིན་པོ་ཆེ་མོན་གྷོར་ཆིབས་སྒྱུར་ནམ་ཡིན་སྐབས་དགོན་པ་འདིར་༸ཞབས་སོར་འཁོད་གནང་མཛད་པ་མ་ཟད། སྔ་མོ་བཞུགས་བཞག་ཀྱང་མཛད་མྱོང་ཡོད་པར་བརྟེན་ང་ཚོ་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་།
སྤྱིར་དགོན་པ་འདིར་དགེ་འདུན་ཞལ་གྲངས་ ༣༥ ཡོད། སྐབས་རེ་ཞལ་གྲངས་འཕར་ནས་ ༤༠ བསླེབས་ཀྱི་འདུག དགོན་པ་འདིར་སློབ་སྦྱོང་གནང་ནས་ལོ་གང་ཙམ་རྒན་པ་ཆགས་སྐབས་སིམ་ལ་རྡོར་བྲག་དགོན་པར་སློབ་གཉེར་མུ་མཐུད་ཆེད་གཏོང་སྲོལ་ཡོད། ཕྱོགས་མཚུངས་འདིའི་ཁོངས་དགེ་འདུན་པ་ཁག་གཅིག་སྦེལ་ཀོབ་རྣམ་གྲོལ་གླིང་བཤད་གྲྭར་གཏོང་གི་ཡོད། རྡོར་བྲག་དགོན་པར་ཡོད་མཁན་འདི་ཁོངས་དགེ་འདུན་པ་རྣམས་བཤད་གྲྭ་འགྲིམ་ནས་གང་ལ་གང་ཙམ་བསླེབས་ཡོད། རྡོར་བྲག་དགོན་ལ་ལོ་གསུམ་བསྒྲུབ་པ་ཉམས་ལེན་བྱེད་སའི་མཚམས་ཁང་ཞིག་ཀྱང་ཡོད་པ་དེར་ང་ཚོའི་དགེ་འདུན་པ་རྣམས་ཡོད། ཅེས་གསུངས།