༢༠༡༤ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དགའ་ལྡན་ཁྲི་པ་མཆོག་གིས་དབུས་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་མཆོག་དང་། བྱང་ཆུབ་ལམ་རིམ་གསུང་ཆོས་གོ་སྒྲིག་གནང་མཁན་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་མཆོག སེར་འབྲས་དགའ་གསུམ་གྱི་མཁན་བླ་སྤྲུལ་དང་གདན་ས་གསུམ་གྱི་དགེ་བཤེས་རྣམ་པ། རྣམ་གྲྭ་མཁན་པོ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག ཕྱོགས་བཞུགས་སྤྱི་འཐུས་དང་རྒྱ་གར་མངའ་སྡེའི་འབྲེལ་ཡོད་གཞུང་འབྲེལ་མི་སྣ། ལྷོ་སྤྱི་དང་ལྷོ་ཕྱོགས་གཞིས་ཆགས་ལྔའི་ས་གནས་འགོ་འཛིན་དང་ས་འཐུས། རང་བདེན་ཚོགས་ཆུང་གི་སྐུ་ཚབ་འཐུས་མི། གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་བོད་མི་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༣༠༠༠༠ བརྒལ་བས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།
དེ་ཡང་མགོན་པོ་གང་ཉིད་མཆོག་ཐོག་མར་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་ནང་ཆིབས་སྒྱུར་བསྐྱངས་ནས་རྟེན་གཙོ་རྣམས་ལ་གནས་གཟིགས་མཛད། དེ་རྗེས་བཞུགས་ཁྲིར་འཁོད་མཚམས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་མེཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་ཚང་མ་ཆོས་གོས་གྱོན་ནས་སེར་ཙོག་ཙོག་བྱས་ནས་བཞུགས་འདུག དེར་བརྟེན་ངོས་རང་ཡང་ཆོས་གོས་གྱོན་ན་མ་གཏོགས་འགྲིག་པ་མི་འདུག ཅེས་ཞལ་ཤོབ་མཛད་པ་དང་མུ་མཐུད་བཀའ་སློབ་སྩལ་དོན། ཁྲི་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དེ་རིང་འདིར་ཁྱེད་རང་ཚོ་མཁན་པོ་ལས་ཟུར་དང་བླ་མ་དགེ་བཤེས་ཧྲག་འདུས་ཤིག་ངོས་རང་འདིར་འབྱོར་མ་ཐག་རྟེན་འབྲེལ་མཚོན་བྱེད་ལྟ་བུ་བྱས་ནས་ཁྱེད་ཚོ་འདིར་ཚོགས་ཡོད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སང་གནངས་ནས་ང་ཚོས་ཉིན་མ་འབྲེལ་ནས་སྐད་ཆ་ཤོད་དགོས། དེ་རིང་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། བར་སྐབས་བྲེལ་བ་ཏོག་ཙམ་བྱུང་། ཁ་སེང་ཨི་ཊ་ལིའི་རྒྱལ་ས་རོམ་ནང་སྔ་དྲོ་ནས་ཕྱེད་ཡོལ་ཆུ་ཚོད་ ༦ ཙམ་བར་བགྲོ་གླེང་ལྷན་ཚོགས་བྱས་ནས་བསྡད་པ་རེད། དེར་བརྟེན་ངོས་རང་ཏོག་ཙམ་ཐང་ཆད་བྱུང་། གནམ་གྲུའི་ནང་ཕར་ཚུར་ཆུ་ཚོད་མང་པོ་འགྲོ་དགོས་བྱུང་། འོན་ཀྱང་དེ་ཙམ་སྐྱོན་མི་འདུག ལྡི་ལིར་འབྱོར་མ་ཐག་རུ་སུའི་དོན་གཉེར་ཅན་ཚོས་སྤྱོད་འཇུག་ཆེན་མོ་བཤད་རོགས་ཟེར་ནས་ད་བར་ལོ་ལྔ་དྲུག་ཕྱིན་ཟིན།
བར་སྐབས་ཨུ་རུ་སུའི་དཔལ་འབྱོར་གནས་སྟངས་ལ་མཚོན་ན། སྤྱིར་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ལ་དཀའ་ངལ་འཕྲད་བཞིན་ཡོད། བར་སྐབས་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་དབར་གྱི་འབྲེལ་ལམ་དེ་ཡང་ཁག་པོ་ཆགས་པར་བརྟེན་དཔལ་འབྱོར་དཀའ་ངལ་ཞིག་ཀྱང་འཕྲད་བཞིན་ཡོད། དེ་ནི་གཙོ་བོ་ནུབ་ཕྱོགས་པས་དཔལ་འབྱོར་བཀག་བསྡོམས་བྱས་པ་དེས་ཨུ་རུ་སུ་ལ་དཔལ་འབྱོར་ཐོག་ཕྲན་བུས་དཀའ་ངལ་འཕྲད་བཞིན་ཡོད། འོན་ཀྱང་ལྡི་ལིར་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་སྐབས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་སོགས་ནས་ཁྱོན་ཆོས་ཞུ་བ་མི་གྲངས་ ༡༤༠༠ ཙམ་འབྱོར་འདུག སྐབས་དེར་ང་ཚོས་ཉིན་གསུམ་རིང་ཆོས་འབྲེལ་བྱས་ནས་སྐྱོན་མ་བྱུང་། ད་སང་ཉིན་ནས་ང་ཚོ་སླར་ཡང་ཐུག་རྒྱུ་རེད། ད་རེས་ཆོས་འབྲེལ་སྐབས་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་གྲངས་ག་ཚོད་འདུག ཅེས་བཀའ་རྩད་ཕེབས་སྐབས་ལམ་རིམ་གོ་སྒྲིག་ཚོགས་ཆུང་གི་ལས་རིམ་ལྟ་ཞིབ་པས་སྐབས་དེར་སེར་སྐྱ་མང་ཚོགས་དང་རྒྱལ་ཁབ་ ༣༠ ཙམ་ནས་ཕྱི་རྒྱལ་དད་ལྡན་པ་བཅས་ཁྱོན་མི་གྲངས་ ༣༠༠༠༠ ཡས་མས་བཅར་ཡོད་སྐོར་དང་གསུང་ཆོས་རྣམས་སྐད་ཡིག་མི་འདྲ་བ་ ༡༡ ནང་གསུང་བསྒྱུར་ཞུ་རྒྱུ་ཡིན་སྐོར་སྙན་སྒྲོན་ཞུས་རྗེས་ཕེབས་སྟོན་མཛད་སྒོ་ཡོངས་སུ་ལེགས་པར་གྲུབ།།