༢༠༡༤ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ཉི་མ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༨༠ ཙམ་གྱི་སར་ཡོད་པའི་ཏུམ་ཀུར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་གི་རྭ་བའི་ནང་གཙུག་ལག་སློབ་ཁང་དང་སེར་བྱེས་མཁས་སྙན་གྲྭ་ཚང་གཉིས་ཐུན་མོང་གིས་གོ་སྒྲིག་འོག་སྟོང་ལོ་གསར་པའི་ནང་གི་བཟང་སྤྱོད་ཐོག་ནང་པའི་ལྟ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཅིག་གི་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་སློབ་ཁང་དུ་༸ཞབས་སོར་འཁོད་མ་ཐག་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་སྐུ་ཞབས་ཨེ་ཨེ་ཆི་རཱ་ཇ་ས་ཧེབ་ (A.H.Rajasab) མཆོག་དང་རེ་ཇི་སི་ཊ་རར་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས། ༸གོང་ས་མཆོག་གིས་གཙུག་ལག་སློབ་ཁང་དུ་བྱང་ཆུབ་ལྗོན་ཤིང་ཞིག་འདེབས་འཛུགས་མཛད། དེ་རྗེས་༸གོང་ས་མཆོག་དང་དགུང་གྲངས་ ༡༠༨ སོན་པའི་ཧིན་དུའི་བླ་ཆེན་ཤྲི་ཤི་ཝ་ཀུ་མཱར་མ་ཧཱ་སྭ་མི་ཇི་(Shree Shree Shree Shivakumara Maha Swamiji) མཆོག་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་མཚམས། སྡིངས་ཆའི་སྟེང་ཧིན་དུའི་ཆོས་དཔོན་གཞན་གཉིས་དང་། ཀར་ན་ཊ་ཀ་མངའ་སྡེའི་ཁྲིམས་དང་དྲང་བདེན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་། མངའ་སྡེའི་གྲོས་ཚོགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཊི་བྷི་ཇ་ཡ་ཅན་དྲ (T B Jayachandra) མཆོག བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག ཏུམ་ཀུར་གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་ཨེ་ཨེ་ཆི་རཱ་ཇ་ས་ཧེབ་མཆོག་སོགས་དང་། གཞན་ཡང་ཚོགས་བཅར་བ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ལྷོ་སྤྱི། ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་སེར་བྱེས་གྲྭ་ཚང་གི་བླ་སྤྲུལ་དགེ་བཤེས། ཕྱག་མཛོད། འབྲེལ་ཡོད་ལས་བྱེད། དེ་བཞིན་ཏུམ་ཀུར་གཙུག་ལག་སློབ་གྲྭའི་ར་ཇི་སི་ཊ་རར་དང་དགེ་ལས་སློབ་ཕྲུག སྦེང་ལོར་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་དང་སློབ་ཕྲུག་བཅས་ཀྱིས་ཕེབས་བསུ་དང་བགྲོ་གླེང་ལྷན་ཚོགས་སུ་བཅར་ཡོད།
དེ་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་བཀྲ་ཤིས་ཚིགས་བརྗོད་གསུངས་རྗེས་ཉེ་བའི་རིགས་བདག་མཆོག་གིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་། དེ་རྗེས་༸གོང་ས་མཆོག་དང་ཧིན་དུའི་བླ་ཆེན་ཤྲི་ཀུ་མཱར་མ་ཧཱ་སྭ་མི་ཇི་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་གྲུབ་བསྟུན། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་ཟླ་ཕོ་མོ་རྣམ་པ། ངོས་རང་དེ་རིང་སླར་ཡང་གཙུག་ལག་སློབ་ཁང་འདིར་ཡོང་ནས་བླ་ཆེན་ཁོང་དང་མཇལ་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། དེ་སྔ་ཁོང་དང་མཇལ་འཕྲད་སྐབས་ཁོང་དགུང་གྲངས་ ༡༠༠ བརྒལ་འདུག ཁོང་མཇལ་སྐབས་ངོས་རང་ཡང་ལོ་བརྒྱ་ཙམ་གསོན་པོ་སྡོད་དགོས་ཐུབ་རྒྱུ་ཡིན་བསམ་པའི་ཆོད་སེམས་ཤིག་སྐྱེ་བཞིན་འདུག ཅེས་བཀའ་སྩལ་མ་ཐག་མང་ཚོགས་རྣམས་ཀྱིས་དགའ་བསུའི་ཐལ་མོ་ཤུགས་ཆེ་བརྡབ། དེ་རྗེས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་ཀྱིས་བླ་ཆེན་ཁོང་ལ་སེམས་གཏིང་ནས་གུས་འདུད་ཡོད། དེ་རིང་གཙུག་ལག་སློབ་གྲྭས་རྒྱལ་སྤྱིའི་སྟེང་གནས་ཚད་ལྡན་པའི་བགྲོ་གླེང་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་གནང་བར་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ངོས་རང་རྒྱུན་ལྡན་སྐད་ཆ་ཁ་ཐུག་ཤོད་རྒྱུར་དགའ་པོ་ཡོད། མཛད་སྒོ ་ཧ་ཅང་གྲ་རྒྱས་པོ་བྱེད་རྒྱུར་དགའ་པོ་མེད། དུས་ཚོད་འཕྲོ་བརླག་ལྟ་བུ་མཐོང་གི་འདུག ངོས་རང་མི་གཞན་སུ་ལའང་སྐད་ཆ་ཤོད་སྐབས་ངོས་རང་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་ཁོངས་ནས་གཅིག་ཡིན་བསམ་དྲན་བཞིན་ཡོད།
ང་ཚོ་སྤྱི་ཚོགས་ལ་རྟེན་ནས་འཚོ་གནས་བྱེད་དགོས་པའི་སེམས་ཅན་ཞིག་ཆགས་ཡོད། དེར་བརྟེན་ང་ཚོ་མི་རེ་ངོ་རེའི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་གཞན་ལ་རྟེན་དགོས། དེང་དུས་འཛམ་གླིང་གི་གནས་སྟངས་ལ་མཚོན་ན་འཛམ་གླིང་ཤར་ནུབ་དང་ལྷོ་བྱང་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པ་ཆགས་ཡོད། ལྷག་པར་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་དཀའ་ངལ་འདིའི་འོག་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་འཚོ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མིའི་སྤྱི་ཚོགས་བདེ་ཞིང་སྐྱིད་པ་ཞིག་དགོས་ན། སྤྱིར་ཕྱི་དངོས་པོའི་མཐུན་རྐྱེན་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་དེ་གཅིག་པུས་འདང་གི་མེད། དོན་དམ་གྱི་བདེ་སྐྱིད་དགོས་ན་སེམས་ནང་ཞི་བདེ་དགོས། དེ་འདྲ་ཡོང་བར་སེམས་ཀྱི་རིན་ཐང་ཡ་རབས་བཟང་སྤྱོད་སོགས་ལ་དོ་སྣང་བྱེད་དགོས། ཕྱི་དངོས་པོས་ལུས་ཀྱི་བདེ་བ་ཙམ་ལས་སེམས་ནང་བདེ་སྐྱིད་བསྐྲུན་མི་ཐུབ། དེང་སྐབས་ཚན་རིག་པ་མང་པོ་ཞིག་དང་ལྷག་པར་སྨན་པའི་ཚན་རིག་པ་ཚོས་ཀྱང་ལུས་ཀྱི་འཕྲོད་བསྟེན་ཡག་པོ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་སེམས་ཀྱི་ཞི་བདེ་ཡིན་པ་ཚོད་ལྟ་དང་ཉམས་ཞིབ་ཐོག་ནས་ར་སྤྲོད་ཐུབ་ཡོད། དེར་བརྟེན་བྱམས་བརྩེ་དང་བརྩེ་གདུང་ཇི་ཙམ་ཟབ་པོ་ཡོད་པའི་ཁྱིམ་ཚང་དེ་དབུལ་ཕྱུག་གང་ཡིན་ལ་མ་ལྟོས་པར་ཁྱིམ་ཚང་དེའི་ནང་གི་ནང་མི་ཉེ་འབྲེལ་ཚོ་བདེ་ཞིང་སྐྱིད་པའི་ངང་མི་ཚེ་བསྐྱལ་ཐུབ། འོན་ཀྱང་ཁྱིམ་ཚང་སྟོབས་འབྱོར་ཇི་ཙམ་ཆེ་ནའང་གལ་ཏེ་བྱམས་བརྩེས་ཕོངས་པ་ཞིག་ཡིན་ན་ཁྱིམ་ཚང་དེའི་ནང་བདེ་སྐྱིད་ཡོང་མི་ཐུབ་པ་ནི་ཧ་ཅང་གསལ་པོ་ཡིན། དེར་བརྟེན་ངོས་རང་ཡང་ཁྱེད་རྣམས་དང་མཚུངས་པ་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་འགྲོ་བ་མི་རིགས་སྤྱི་ཡོངས་དང་འཛམ་གླིང་སྤྱིའི་བདེ་ཐབས་ལ་བསམ་བློ་གཏོང་བཞིན་ཡོད།
ཕྱི་དངོས་པོའི་འཛུགས་བསྐྲུན་ཡར་རྒྱས་ད་དུང་མུ་མཐུད་ནས་འགྲོ་བཞིན་ཡོད། དེ་ཧ་ཅང་ཡག་པོ་རེད། འོན་ཀྱང་དེ་གཅིག་པུས་བདེ་སྐྱིད་ལྡན་པའི་འགྲོ་བ་མིའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཐབས་མེད། དེ་བཞིན་ཕྱི་དངོས་པོ་འཛུགས་སྐྲུན་ཡར་རྒྱས་རྐྱང་པར་བརྟེན་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་མི་ཐུབ། ཇི་ཙམ་དངོས་པོ་ཡར་རྒྱས་ཆེ་རུ་ཕྱིན་ནས་རྒྱུ་ཕྱུག་པོ་ཆགས་པ་དེ་ཚོད་ཀྱིས་འདོད་རྔམས་དང་ཕྲག་དོག འགྲན་སེམས་སོགས་ཆེ་རུ་འགྲོ་རྒྱུ་རེད། དེར་བརྟེན་སེམས་ནང་དངངས་སྐྲག་ཆེ་རུ་དང་སེམས་ངལ་ཧ་ཅང་ཡོང་བཞིན་ཡོད་པ་དེ་ནི་དཀའ་ངལ་དེ་དག་གི་གཞི་རྩ་ཆགས་ཡོད། དེ་དག་ལ་བརྟེན་ནས་འཚེ་བ་ཡོང་བཞིན་ཡོད། དེང་སྐབས་ཆོས་ལུགས་ལ་བརྟེན་ནས་འཚེ་བའི་བྱ་སྤྱོད་དང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་དེ་དག་མཐར་གཏུགས་ན་དངུལ་དང་དབང་ཆའི་འཐབ་རྩོད་ཆགས་ཡོད། དེར་བརྟེན་ང་ཚོས་མང་ཚོགས་ལ་སློབ་གསོ་སྤྲད་ནས་ཕྱི་དངོས་པོའི་འཛུགས་བསྐྲུན་ཡར་རྒྱས་གལ་ཆེ་ཡིན་ནའང་ནང་གི་གཤིས་བརྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་སྣང་མེད་དུ་བཞག་ན་འགྲིག་ཐབས་རྩ་བ་ནས་མེད་པ་སློབ་གསོ་རྒྱག་དགོས།
ང་ཚོས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཁྱབ་པའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་སྐོར་སྐད་ཆ་ཤོད་སྐབས་ཆོས་ལུགས་བྱེ་བྲག་པ་ཞིག་ཇི་ཙམ་ཡག་པོ་དང་སྤུས་ཚད་ལྡན་ཡང་འགྲོ་བ་མི་རིགས་ཐེར་འབུམ་ཚང་མར་ཁྱབ་ཐུབ་ཐབས་བྲལ། འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་ཁོངས་ནས་ཐེར་འབུམ་གཅིག་གིས་ཆོས་ཁས་ལེན་གྱི་མེད་པ་ནི་དངོས་ཡོད་གནས་ཚུལ་རེད། ཆོས་ཁས་ལེན་མཁན་ཚོའི་ནང་ལ་ཆ་བཞག་ན། དཔེར་ན་བོད་པའི་སྤྱི་ཚོགས་ནང་གཅིག་པུར་ཆ་མཚོན་ན། སྤྱིར་བཏང་ང་ཚོ་ནང་པ་ཡིན་སྟབས་ཆོས་ཁས་ལེན་མཁན་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་བོད་པའི་ཆོས་བྱེད་དགེ་འདུན་པའི་ཁྲོད་དུ་ཚུལ་དང་མི་མཐུན་པ་བྱེད་མཁན་ཡོད། དེ་བཞིན་ཡེ་ཤུ་སོགས་ཆོས་ལུགས་གཞན་ནང་ཚུལ་མིན་བྱེད་མཁན་ཡོད།དེར་བརྟེན་ཆོས་ཁ་ལ་འཁྱེར་བ་མ་གཏོགས་དོན་དངོས་ཆོས་དངོས་སུ་ལག་ལེན་མ་བསྟར་མཁན་ཆོས་ལུགས་ཚང་མའི་ནང་ཡོད། དེ་འདྲ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཆོས་ལ་བསམ་པ་རྣམ་དག་ཐོག་ནས་ལག་ལེན་བསྟར་རྒྱུའི་འདུན་པ་མེད་པར་བརྟེན་ཡོང་བཞིན་ཡོད། དྲང་བདེན་དང་བྱམས་བརྩེ་སོགས་ལྟ་གྲུབ་དེ་དག་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་རེད། སེམས་གཏིང་ལ་ཆོས་རྣམ་དག་གཅིག་བྱས་བསམ་པའི་བསམ་བློ་མེད་ན། ཁ་ནས་དྲང་བདེན་དང་བྱམས་བརྩེ་དགོས་སྐོར་ཁ་ནས་ཇི་ཙམ་བཤད་ཀྱང་ཁ་ཙམ་རེད་མ་གཏོགས་ལག་ལེན་འཁྱོལ་བ་ཞིག་ཡོང་ཐུབ་རྒྱུ་མ་རེད། དེར་བརྟེན་བྱམས་བརྩེ་དང་དྲང་བདེན་སོགས་ནི་མི་སྒེར་གྱི་བདེ་སྡུག་ལ་མཚོན་ནའང་ཧ་ཅང་དགོས་ངེས་ཤིག་ཆགས་པ་མ་ཟད། ཁྱིམ་ཚང་དང་སྤྱི་ཚོགས། དེ་བཞིན་རྒྱ་ཆེ་ས་ནས་བརྗོད་ན་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་སྡུག་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དེང་སྐབས་རྒྱལ་ཁབ་ཚང་མའི་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་་ངལ་འཕྲད་བཞིན་ཡོད། ལྐོག་ཟའི་དཀའ་ངལ་དེ་ཀེན་སར་ན་ཚ་ལྟ་བུ་ཆགས་ཡོད། ཕྱོགས་མཚུངས་དབུལ་ཕྱུག་དབར་བར་ཁྱད་ཧ་ཅང་ཆེན་པོ་ཡོད་པ་འདི་ནི་བཟང་སྤྱོད་དང་མི་མཐུན་པ་ཡིན། སྤྱིར་དེང་སྐབས་སྤྱི་སྒེར་མང་པོ་ཞིག་གིས་དབུལ་ཕོངས་རྣམས་ལ་རོགས་རམ་གང་ཐུབ་གནང་བཞིན་ཡོད། འོན་ཀྱང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལྟ་སྐབས་རང་གཅེས་འཛིན་ཧ་ཅང་ཤུགས་ཆེན་པོ་བྱས་ནས་སོ་སོ་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་པ་མ་གཏོགས་གཞན་གྱི་བདེ་སྡུག་ལ་སྣང་བ་གང་ཡང་མེད་པར་སྡོད་ཀྱི་འདུག དེ་ནི་བྱམས་བརྩེས་མ་འདང་པར་བརྟེན་ནས་བྱུང་བ་ཞིག་ཡིན། དཀའ་ངལ་དེ་དག་མང་ཆེ་བ་མིས་བཟོས་པ་ཤ་སྟག་ཡིན། དེར་བརྟེན་མིས་བཟོས་པས་དཀའ ངལ་དེ་དག་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱིས་འབད་བརྩོན་ཐོག་ནས་སེལ་ཐུབ་རྒྱུ་ཡིན་པ་ནི་ཆོས་ཉིད་རེད། དཀའ་ངལ་དེ་དག་ཀུན་ཁྱབ་འགན་ཁུར་དང་གོ་རྟོགས་སྤེལ་བ་བརྒྱུད་ནས་སེལ་ཐུབ། དེར་བརྟེན་བཟང་སྤྱོད་འདི་གལ་ཆེན་པོ་ཆགས་ཡོད།
ཆོས་ལུགས་ཚང་མས་བཟང་སྤྱོད་སོགས་ལྟ་གྲུབ་དེ་དག་སྐོར་གསུང་བཞིན་ཡོད། འོན་ཀྱང་འགྲོ་བ་མི་རིགས་ཚང་མས་གཅིག་གྱུར་གྱི་ངོས་འཛིན་ཐུབ་པའི་ཆོས་ལུགས་བྱེ་བྲག་གཅིག་ཡོང་ཐུབ་རྒྱུ་ཧ་ལམ་མི་སྲིད་པ་ལྟ་བུ་རེད། ཕྱོགས་གཞན་ནས་བརྗོད་ན་རྒྱ་གར་ཡུལ་འདི། འདས་པའི་མི་ལོ་གསུམ་སྟོང་རིང་བྷཱ་རཐ་(Bharat) ཡུལ་འདིའི་ནང་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ཐོག་བསམ་བློ་ཐོག་མ་གསར་གཏོད་བྱུང་ཡོད། དེར་བརྟེན་རྒྱ་གར་གནའ་རབས་ལྟར་བྱས་ན་ཆོས་ལུགས་རིས་མེད་བརྗོད་སྐབས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་རྒྱུ་ཙམ་མ་ཟད། ཆོས་ཁས་མི་ལེན་མཁན་ཚོ་ལའང་གུས་འདུད་ཞུ་སྲོལ་ཡོད། འདི་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་མ་ཟད། དེང་དུས་སྤྱི་ཚོགས་ཀྱི་གནས་སྟངས་དང་ཧ་ཅང་འཚམ་པ་ཞིག་ཆགས་ཡོད། དེར་བརྟེན་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ལ་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་གཅིག་སྤེལ་དགོས་ན་རྒྱ་གར་གནའ་བོའི་ རིག་གཞུང་འདིས་ཕན་ཐོགས་བྱེད་ཐུབ་ངེས་ཡིན། བཟང་སྤྱོད་ཐོག་ཤེས་ཡོན་གོ་རྟོགས་སྤེལ་རྒྱུ་འདི་ཆོས་ལུགས་བྱེ་བྲག་པ་གཅིག་ལ་གཞི་བཅོལ་བ་ཡིན་ན། དཀའ་ལས་ཁག་པོ་ཆགས་རྒྱུ་རེད།
རྒྱ་གར་ནང་ཆ་མཚོན་ནའང་ཆོས་ལུགས་དང་རིག་གཞུང་ཧ་ཅང་འདྲ་མིན་སྣ་ཚོགས་ཡོད། དེར་བརྟེན་ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་རྗེས་རྒྱ་གར་གྱི་རྩ་ཁྲིམས་ནང་རིས་མེད་(secular) ཀྱི་ཚིག་འདི་བཀོད་གནང་ཡོད། དེར་བརྟེན་ཁྱེད་རང་ཚོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་འདི་རིས་མེད་ལ་གཞི་བཅོལ་ཡོད། ད་ཆ་ང་ཚོས་དངོས་ནས་བསམ་བློ་ཤུགས་ཆེན་པོ་ཞིག་གཏོང་རྒྱུའི་དུས་ཚོད་ལ་བསླེབ་འདུག དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་ཇི་ལྟར་ཚུད་ཐུབ་པ་བྱེད་རྒྱུའི་དུས་ལ་བབ་འདུག ང་ཚོས་བཟང་སྤྱོད་སྐོར་ཤོད་སྐབས་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ལུང་འདྲེན་བྱས་པའམ་ཡང་ན་རྒྱལ་བས་འདི་འདྲ་གསུངས་འདུག ཅེས་ལུང་འདྲེན་བྱས་པའམ། ཡང་ན་དེང་སྐབས་ཨམ་བྷེ་དི་ཀར་གྱི་གསུངས་པ་ལུང་འདྲེན་བྱས་པ་ཡིན་ན། མི་འགའ་ཤས་ཀྱིས་རྣ་བར་འགྲོ་ཡི་མ་རེད། དེར་བརྟེན་ང་ཚོས་འདས་པའི་ལོ་འགའ་ཤས་རིང་ཤེས་ཡོན་ཅན་དང་ཚན་རིག་པ་རྣམས་དང་ལྷན་གོ་བསྡུར་སྦྱང་བཤད་དང་ཉམས་ཞིབ་བྱེད་འགོ་བཙུགས་ཡོད། འབྱུང་འགྱུར་ལོ་གཅིག་གཉིས་རྗེས་ཉམས་ཞིབ་ཀྱི་སྙན་ཐོ་རགས་ཟིན་ཞིག་འཐོན་རྒྱུ་རེད། རགས་ཟིན་སྙན་ཐོ་འདི་དེང་དུས་སློབ་ཚན་ཁོངས་རིས་མེད་ཐོག་ནང་གི་བཟང་སྤྱོད་(secular Ethics) གོང་མཐོར་ཇི་ལྟར་གཏོང་དགོས་མིན་ཐད་བཀོད་ཡོད། ཅེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་མཛད་འགན་གཙོ་བོ་གཞན་གཉིས་ཐོག་བཀའ་སློབ་སྩལ་གྲུབ་མཚམས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ། དེ་རྗེས་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲུབ་མཚམས་ཉིན་གུང་ལྗགས་སྨིན་མཛད་ནས་གཙུག་ལག་སློབ་གྲྭ་གཉིས་ཀྱི་གཙོ་འཛིན་རྣམ་པས་འབྱུང་འགྱུར་ཏུམ་ཀུར་དང་སེར་བྱེས་གཙུག་ལག་སློབ་གྲྭ་གཉིས་ཀྱི་ལས་འཆར་སྤེལ་ཕྱོགས་སྐོར་ལམ་སྟོན་བཀའ་སློབ་ཞུས། དེ་ནས་༸གོང་ས་མཆོག་ཏུམ་ཀུར་ནས་ཆིབས་སྒྱུར་བསྐྱངས་ཏེ་དེ་བ་ན་ག་རིའི་ (Devangere) ཕྱོགས་སུ་ཆིབས་ཞལ་བསྒྱུར། སྤྱིར་དེ་ཉིན་མཛད་སྒོ་གྲུབ་མཚམས་སྟོང་ལོ་གསར་པའི་བཟང་སྤྱོད་ཐོག་ནང་པའི་ལྟ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་བཀའ བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། སྦེང་ལོར་ནང་རྟེན་གཞི་ བྱས་པའི་ཤྲི་ཝི་ཇ་ཡ་ན་གར་ཀི་རི་ཤ་ན་དེ་བ་ར་ཡ་གཙུག་ལག་སློབ་གྲྭའི་ (Shri Vijayanagara Krishnadevaraya University) ཉེ་བའི་རིགས་བདག་སྐུ་ཞབས་ཇེ་སོ་མ་ཤེ་ཁ་ར་ (Prof.J.Somashekar) མཆོག སོགས་མཁས་དབང་དང་ཉམས་ཞིབ་པ་བཅུ་བཞི་ཙམ་གྱིས་བགྲོ་གླེང་གནང་འདུག