༢༠༡༤ ཟླ་ ༡༢ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༩ ཉིན་གྱི་ཉིན་གུང་ལྗགས་སྨིན་གྲུབ་བསྟུན། ཐོག་མར་ས་སྐྱ་དགོན་པ་དང་། དེ་རྗེས་རྭ་ལྟོད་གྲྭ་ཚང་། དེ་ནས་འབྲས་སྒོ་མང་བློ་གླིང་བཅས་སུ་ཆིབས་སྒྱུར་བསྐྱངས་ཏེ་གནས་གཟིགས་དང་བཀའ་སློབ་སྩལ་སོང་།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་དཔལ་ས་སྐྱ་དགོན་པ་རྩེ་ཆེན་མདོ་སྔགས་ཆོས་གླིང་དུ་ཆིབས་སྒྱུར་བསྐྱངས་སྐབས་མཁན་ཚབ་ངག་དབང་ལྷུན་སྒྲུབ་ལགས་སོགས་ཀྱིས་སྤོས་སྣེས་སྔོན་བསུས། དེ་རྗེས་འདུ་ཁང་ནང་༧ཞབས་སོར་འཁོད་བསྟུན་བཀའ་སློབ་སྩལ་དོན། སངས་རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་ཀྱི་བསྟན་པ་གཉིས་བྱས་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟེར་རྒྱུ་དེ་བཤད་པ་དང་བསྒྲུབ་པས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་རེད། ཅེས་མཁས་ཆོག་དབྱིག་གཉེན་གྱིས་གསུངས་པ་རེད། དེར་བརྟེན་ང་ཚོ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་བས་དགོན་པ་སོ་སོ་ཡིན་ནའང་གཙོ་བོ་གཞུང་ཆེན་སློབ་གཉེར་བྱེད་རྒྱུ་རེད། གཞུང་ཆེན་སློབ་གཉེར་བྱས་ནས་རྟེན་ཐོག་གཅིག་ལ་ཚུར་ཉམས་ལེན་ལ་བསྒྲིལ་ཡོང་དུས་སྣང་གསུམ་དང་རྒྱུད་གསུམ་བྱས་ནས་རྡོག་ལ་བསྒྲིལ་ནས་ཉམས་ལེན་བྱེད་རྒྱུ་དེ་རེད། རྒྱབ་རྟེན་ལྟ་བུ་གཞུང་ཆེན་སློབ་གཉེར་དེ་དག་གཟིགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ནས་པཎ་སར་གཉིས་པོར་ཆ་མཚོན་ན། ས་པཎ་རང་གིས་རིག་གཏེར་མཛད་ནས་ཚད་མར་དམིགས་བསལ་ཐུགས་སྣང་གནང་ཡོད། ཁ་སིང་ངོས་ཀྱིས་རྟག་པར་ཞུ་རྒྱུ་དེ་རེད། དབུ་མ་རིག་ཚོགས་དྲུག བྱམས་ཆོས་སྡེ་ལྔ། དེ་དག་རྩ་བ་བྱས་ནས་སྔོན་གྱི་བུ་སྟོན་དང་དེ་ཚོས་གཞུང་ཆེན་མོ་དེ་དག་གི་འགྲེལ་བ་མཛད་ཡོད། དེ་འདྲ་ཡིན་དུས་གཞུང་ཆེན་གཟིགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔ་མོ་ཡིན་ན་ས་སྐྱའི་གདན་ས་ཆེན་པོ་དེ་དག་གིས་དངོས་གནས་གཞུང་ཆེན་སློབ་སྲོལ་ཞིག་ཡོད། རྗེ་རིན་པོ་ཆེས་གཞུང་ཆེན་གཟིགས་རྒྱུའི་དཔེ་ལྟ་ས་དེ་ས་སྐྱ་རེད། རྗེ་རིན་པོ་ཆེ་རང་གིས་མདོ་སྔགས་ལེགས་བཤད་འབྱུང་གནས་ས་སྐྱ་པ། ཞེས་གསུང་ཡོད།
སྔགས་རིམ་ཆེན་མོའི་ནང་དུའང་ཡོད། སྐྱེ་རྡོར་སྐོར་ལ་ཐུང་ཙམ་གསུང་ནས་རྒྱུད་སྡེའི་སྐོར་ལ་གསུང་སྐབས་རྒྱུད་སྡེ་འདིའི་སྐོར་ལ་དཔལ་ས་སྐྱ་པའི་ལམ་འབྲས་རྒྱུད་པའི་བླ་མ་རྣམས་ཀྱིས་དག་ཐེར་སྨད་དུ་བྱུང་བ་མཛད་ཡོད། དེ་ལས་ལྷག་པའི་གསལ་བཤད་དགོས་རྒྱུ་མེད། ཅེས་གསུངས་ཡོད། དེར་བརྟེན་དཔལ་ས་སྐྱའི་ནང་སྔོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཚོས་ལེགས་བཤད་སྨད་དུ་བྱུང་བ་མཛད་པ་དེ་དག་ལ་ཁྱེད་ཚོས་ལྟས་ནས་གཞི་རྩའི་བོད་གངས་ཅན་གྱི་ལྗོངས་སུ་རྙིང་མ། བཀའ་བརྒྱུད། ས་སྐྱ། བཀའ་གདམས་པ། ཕྱིས་སུ་རི་བོ་དགེ་ལུགས་བཅས་དེ་དག་ཚང་མ་དཔལ་ནཱ་ལེནྡྲའི་ཆོས་རྒྱུད་ཆགས་ཡོད། དེར་བརྟེན་ང་ཚོ་ཚང་མས་ནཱ་ལེནྡྲའི་མཁས་པའི་གཞུང་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཁྱེད་ཚོས་ཡིན་གཅིག་མིན་གཉིས་དཔེ་ཆ་ཡག་པོ་གཟིགས་རོགས། དེ་དག་གཞི་རྩར་ཡོད་པའི་ཐོག་ནས་ཁྱེད་ཚོས་འདིར་སྒྲུབ་ཆོས་ཚོགས་རྒྱུ་དེ་དག་གིས་དཔལ་དང་རྒྱན་བྱས་ནས་ཧ་ཅང་ཡག་པོ་ཡོང་རྒྱུ་རེད། གཞུང་ཆེན་བལྟས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཤེས་པ་ཞིག་མ་བྱུང་ན་སྔགས་ཀྱི་ཆོ་ག་བཏོན་པ་ཙམ་གྱིས་བསྟན་པ་ཡོངས་རྫོགས་ཀྱི་གོ་བ་ཡང་ཆགས་མ་ཐུབ་པ་མ་ཟད། ཉམས་ལེན་ཡང་གནད་ལ་ཕོག་པ་ཞིག་ཡོང་གི་མ་རེད། འདི་ངོས་ཀྱིས་ཉམས་མྱོང་ཐོག་ནས་བརྗོད་ཐུབ་ཀྱི་འདུག དེ་ཚོའི་གྲས་དེ་རྩ་བ་མདོ་ལམ་གྱི་ཐབས་དང་ཤེས་རབ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དེ་དག ས་སྐྱ་པས་གསལ་སྟོང་ཟུང་འཇུག་གསུང་སྐབས་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་རང་བཞིན་ཟེར་བ་དེ་སེམས་རང་བཞིན་གྱིས་སྟོང་བ་དེར་བསམ་བློ་གཏོང་དགོས། ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་ཡང་མཁན་ཚབ་རྒན་ངག་དབང་ལྷུན་སྒྲུག་ལགས་ཀྱིས་འདི་གར་གསར་འགོད་པར་ངོ་སྤྲོད་གནང་དོན། སྤྱིར་མོན་གྷོ་ས་སྐྱ་རྩེ་ཆེན་མདོ་སྔགས་ཆོས་གླིང་དེ་ནི་ཕྱི་ལོ་ ༡༩༦༩ ལོར་ཐོག་མར་གསར་འཛུགས་གནང་སྟེ། སྐབས་དེར་དགེ་འདུན་པ་ཞལ་གྲངས་ ༢༦ ཙམ་ཡོད་འདུག སྤྱིར་ས་སྐྱའི་ནང་ངོར་པ། ཚར་པ། ཞ་ལུ། རྫོང་པ། བུ་སྟོན། བོ་དོང་བཅས་མང་པོ་ཡོད་ཁོངས་ནས་ངོར་པའི་ཡན་ལག་གཅིག་ཡིན། ད་སྐབས་དགེ་འདུན་པ་ཞལ་གྲངས་ ༡༩༠ ཙམ་ཡོད་པ་དང་། དགེ་འདུན་གྲྭ་རྒྱུན་ས་གནས་གཞིས་ཆགས་དང་ཧི་མཱ་ལ་ཡི་རི་རྒྱུད། སྤྱི་ཏི། གར་ཤ། མོན་དང་ལ་དྭགས། བལ་ཡུལ་གློ་ཆུ་མིག་བརྒྱ་ཚར་སོགས་ནས་ཡོད། ཕྱི་ལོ་ ༡༩༩༤ ནས་མཁན་པོ་འཇམ་དབྱངས་བསྟན་འཛིན་མཆོག་གིས་བཤད་གྲྭ་འགོ་བཙུགས་གནང་། བཤད་གྲྭའི་ནང་འདུལ་བ་དང་ཚད་མ། དབུ་མ། མངོན་པ། ཕར་ཕྱིན། སྡོམ་གསུམ་བཅས་ཀྱི་འཛིན་གྲྭ་ཡོད། ལོ་དགུའི་མཚམས་ནས་སྐབས་བཅུ་པ་འཐོན་རྒྱུ་དང་ལོ་བཅུ་གཉིས་མཚམས་ནས་སློབ་དཔོན་འཐོན་གྱི་ཡོད། ཅེས་གསུངས། གཞན་ཡང་ཐེངས་འདིར་དགོན་པའི་ནང་༧གོང་ས་མཆོག་ཆིབས་སྒྱུར་སྐོར་གསུང་དོན། ས་པཎ་གྱིས་རིག་གཏེར་མཛད་ཡོད་སྟབས་ཁྱེད་ཚོས་ཚད་མའི་ཐོག་དམིགས་བསལ་ཤུགས་རྒྱག་དགོས་པ་བཀའ་སྩལ་སོང་། ཞེས་སོགས་གསུངས།