༢༠༡༤ ཟླ་ ༡༢ ཚེས་ ༢༧ རེས་གཟའ་སྤེན་པ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབར་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་མོན་གྷོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་ཉིན་བཞི་པའི་སྐབས་སྔ་དྲོ་བྲག་གཡབ་རིན་པོ་ཆེ་བློ་ལྡན་ཤེས་རབ་མཆོག་གིས་དབུ་ཁྲིད་གནང་སྟེ་བྲག་གཡབ་སེར་སྐྱ་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་སོང་། བརྟན་བཞུགས་ལེགས་པར་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། གོང་དུ་བྲག་གཡབ་རིན་པོ་ཆེས་བྲག་གཡབ་སེར་སྐྱ་མི་མང་སྤྱིའི་སྤྱི་མགྲིན་གྱི་ཐོག་ནས་དེ་རིང་འདིར་བརྟན་བཞུགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིན་པོ་ཆེས་གསོལ་འདེབས་འདི་ཧ་ཅང་ཡག་པོ་བྱུང་འདུག གཤམ་དེར་དོལ་རྒྱལ་སྐོར་དེ་དག་རིན་པོ་ཆེ་རང་གིས་དངོས་ཡོད་གནས་ཚུལ་དེ་དག་འགྲེལ་བཤད་སྐྱོན་ནས་ཧ་ཅང་ཡག་པོ་བྱུང་འདུག ཁྱེད་རང་ཚོ་བྲག་གཡབ་པ་བྱེས་དང་བོད་ནང་དུ་ཡོད་མཁན་ཚོ་ཡིན་ནའང་འདྲ། དེ་ཚོའི་གྲས་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་དགོས། རྨོངས་དད་དང་ལྐུག་པ་དེ་འདྲ་བྱ་རྒྱུ་མེད། ཤེས་སོང་ངམ། དངོས་གནས་དྲང་གནས་ཀྱི་རྒྱུ་མཚན་གང་འདུག དེར་བསམ་བློ་གཏོང་དགོས། དེ་འདྲ་ཡིན་དུས་དེ་རིང་རིན་པོ་ཆེས་གསུང་བཤད་འདིས་ཕྲན་བུ་ཕན་ཐོགས་ཡོང་འདོག་ཁ་པོ་རེད། དེར་བརྟེན་ཧ་ཅང་ཡག་པོ་བྱུང་འདུག མཇུག་ཏུ་རིན་པོ་ཆེས་མ་འོངས་པར་གཞིས་བྱེས་མཉམ་འཛོམས་ཡོང་སྐབས་ངོས་རང་བྲག་གཡབ་ཏུ་ཡོང་རོགས་ཞེས་འདི་འདྲ་ཞིག་གསུངས་བྱུང་།
སྔ་མོ་འདིར་ཤར་རྩེ་གྲྭ་ཚང་གིས་དོལ་རྒྱལ་སྟོན་སྐབས་ཤར་རྩེ་གྲྭ་ཚང་གི་ཚོགས་ཁང་རྙིང་པའི་ནང་ངོས་ཀྱིས་འདི་ལྟར་བརྗོད་རྒྱུ་བྱུང་། ཁྱེད་ཚོ་བགྲེས་པ་ཚོས་ཕལ་ཆེར་དྲན་གྱི་ཡོད་ངེས་རེད། ཁྱེད་ཚོས་དོལ་རྒྱལ་བསྟེན་གསོལ་མཚམས་བཞག་ནས་གཙང་མ་བྱས་ན་འགྲིག་པ་རེད། འོན་ཀྱང་ཁྱེད་ཚོས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མ་བྱས་པར་དེ་མུར་བསྡད་པ་ཡིན་ན། ངོས་རང་ཕྱིན་ཆད་ཤར་རྩེ་གྲྭ་ཚང་དུ་གོམ་པ་སྤོ་རྒྱུ་མིན། ཞེས་ངོས་ཀྱིས་བརྗོད་པ་དེ་དྲན་གྱི་འདུག་གམ། ཤར་རྩེ་མཁན་པོས་དྲན་གྱི་འདུག་གམ། དེ་དུས་དེ་འདྲ་བརྗོད་པ་ཡིན། དེ་རིང་འདིར་ཡང་དེ་མཚུངས་བརྗོད་རྒྱུ་ཡིན། ཁྱེད་ཚོས་ངོས་ལ་ཡོང་རོགས་བརྗོད་ཀྱི་ཡོད་ཀྱང་༸རྒྱལ་བ་རིན་པོ་ཆེའི་སྲོག་ལ་ཉེན་ཁ་བརྩི་དགོས་རྒྱུ་གཅིག་དེར་ངོས་རང་གང་བྱས་ནས་འགྲོ་དགོས་སམ། འགྲོ་ཤེས་ཀྱི་མ་རེད། རྒྱ་གར་གཞུང་ལ་ཆ་མཚོན་ནའང་སྲུང་སྐྱོབ་དེ་དག་ཧ་ཅང་ཤུགས་ཆེ་རུ་གཏོང་བཞིན་འདུག ངོས་རང་ཕྱི་རྒྱལ་གང་དུ་བསྐྱོད་ཀྱང་དོལ་རྒྱལ་ཚོགས་པའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་སྲོག་ལ་ཉེན་ཁ་ཡོད་པ་གཅིག་བརྩི་བཞིན་ཡོད། དེར་བརྟེན་དེ་འདྲ་ཞིག་ལ་ངོས་རང་གང་བྱས་ནས་འགྲོ་དགོས་རེད། ཁྱེད་ཚོས་ངོས་སྐད་གཏོང་གི་ཡོད་ཀྱང་འགྲོ་དང་མི་འགྲོ་འདི་ངོས་ཀྱི་རང་དབང་རེད། འགྲོ་བ་ལ་འགྲོ་སྟངས་ཡོད། དངོས་གནས་ཁ་ལ་ཉན་མཁན་ཞིག་དང་དད་པ་དམ་ཚིག་ཡོད་པ་ཞིག་ཡིན་ན། བླ་མ་ཕྱིན་ན་དགོས་པ་ཡོད། དད་པ་དམ་ཚིག་མེད་ན་ངོས་རང་ཅིའི་ཕྱིར་འགྲོ་དགོས། ངོས་རང་ཚོང་པ་ཡིན་ན་ཚོང་རྒྱག་ཏུ་འགྲོ་ཆོག དེ་འདྲ་ཡིན་དུས་དེ་རིང་བྲག་གཡབ་པ་ཚོར་བརྗོད་འདོད་བྱུང་།
དེང་སང་ཆབ་མདོར་དོལ་རྒྱལ་ཤུགས་ཆེན་པོ་གང་ཙམ་བསྟེན་བཞིན་འདུག ཡག་པོ་ཞེ་དྲག་རེད། ཁོ་པ་ཚོས་ཤུགས་ལྡན་བསྟེན་ནས་ཕན་ཐོགས་འདུག་ན་རྗེས་སུ་ཡི་རང་ཡོད། ཁྱད་གང་ཡང་མེད། འོན་ཀྱང་ངོས་རང་འགྲོ་རྒྱུ་ནམ་ཡང་ཡོང་གི་མ་རེད། གཞིས་བྱེས་མཉམ་འཛོམས་ཤིག་ཡོང་འདོག་ཁ་པོ་རེད། དེ་བྱུང་མཚམས་དོལ་རྒྱལ་བསྟེན་མཁན་ཚོའི་དགོན་པའི་ནང་ངོས་རང་འགྲོ་ཐབས་རྩ་བ་ནས་མེད། ངོས་རང་སྐད་བཏང་ཡང་ངོས་ཀྱི་ཁ་ལ་མ་ཉན་ན་ཆོ་གང་ཡང་མེད། ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་སྔ་མོ་ནས་ཁྱེད་ཚོས་ཤེས་ཀྱི་རེད། ངོས་ཀྱིས་རིན་པོ་ཆེའི་སྐོར་ལ་ཁུར་ཧ་ཅང་བླངས་ནས་བྱས་པ་ཡིན། ཁྲི་བྱང་རིན་པོ་ཆེ་ཉེ་ལམ་སོག་ཡུལ་ལ་ཕེབས་འདུག སོག་ཡུལ་ལ་ཕེབས་སྐབས་༸རྒྱལ་བའི་ཡོངས་འཛིན་གྱི་ཡང་སྲིད་ཡིན། ཞེས་༸རྒྱལ་བ་རིན་པོ་ཆེའི་མིང་དེ་འཁྱེར་དགོས་འདུག ངོ་ཐོག་ཨ་རིའི་ས་གནས་ས་ཐོག་ལ་ངོས་རང་༸རྒྱལ་དབང་རྫུན་མ་རེད། ཅེས་བརྗོད་ཀྱི་ཡོད། ངོས་རང་རྫུན་མ་ཡིན་ན་འགྲིག་པ་འདུག ངོས་རང་༸རྒྱལ་དབང་རྫུན་མ་རེད། ཅེས་ངོས་རང་༸རྒྱལ་དབང་གི་ཁྲི་འདི་ནས་དགོངས་པ་ཞུ་རྒྱུ་ཞིག་རག་རོགས་བྱས་ནས་ཧ་ཅང་ཡག་པོ་ཡོང་བ་འདུག དེ་འདྲ་བྱུང་ན་ངོས་རང་ཁ་འདོན་དགེ་སྦྱོང་འདྲ་བྱས་ནས་སྡོད་རྒྱུ་བྱུང་ན་ཧ་ཅང་ཡག་པོ་ཡོང་བ་འདུག དེར་བརྟེན་ཚུར་ཕྱོགས་དེར་༸རྒྱལ་དབང་རྫུན་མ་རེད་ཟེར་གྱི་ཡོད།
ཁ་སེང་ངོས་རང་ཨ་རིར་བསྐྱོད་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་འདྲ་པར་གཅིག་འཁྱེར་འདུག རྙིང་རྗེ། གང་ཡང་ཤེས་ཀྱི་མེད། ངོས་རང་ཡ་ང་སྙིང་རྗེ་སྐྱེ་བ་མ་གཏོགས་ཁོང་ཁྲོ་ཟ་གི་མི་འདུག འདྲ་པར་དེ་ངོས་རང་ལྷ་ཁང་འདྲ་མིན་ནང་བསྐྱོད་སྐབས་ཆོས་བརྒྱུད་དེ་དང་དེར་གུས་བཀུར་བྱས་ནས་ཁོང་ཚོས་ངོས་ལ་ཞྭ་མོ་གཡོག་སྐབས་གྱོན་ནས་སྡོད་ཀྱི་ཡོད། དེར་བརྟེན་སྔ་མོ་ལྡི་ལིར་ཁ་ཆེའི་ལྷ་ཁང་ཞིག་ནང་ངོས་ཀྱིས་ཁ་ཆེའི་ཞྭ་མོ་གྱོན་པའི་འདྲ་པར་དེ་ཨ་རིའི་ནང་དོལ་རྒྱལ་རྗེས་འབྲང་པ་ཚོས་འཁྱེར་ནས་རྒྱལ་བ་རིན་པོ་ཆེ་ཁ་ཆེ་རེད། ཅེས་ཟེར་གྱི་འདུག ཚུར་ཕྱོགས་དེར་ངོས་ལ་༸རྒྱལ་དབང་རྫུན་མ་རེད། ཟེར་ནས་ངོ་རྒོལ་བྱེད་ཀྱི་ཡོད། ཕར་ཕྱོགས་དེར་མིང་དེ་བེད་སྤྱོད་བྱས་ན་ཁེ་ཕན་ཡོད་ས་ཞིག་ལ་༸རྒྱལ་དབང་གི་ཡོངས་འཛིན་གྱི་ཡང་སྲིད་ཡིན། ཞེས་ཁེ་ཕན་བླངས་ཀྱི་ཡོད། དེ་འདྲའི་མགོ་བདེ་ཁ་གཏིང་མ་མཚུངས་པ་དེ་འདྲ་བྱས་པ་ཡིན་ན་ཡག་པོ་གང་ཡང་མེད། བཅོམ་ལྡན་འདས་ཀྱི་དགོངས་པ་དང་འགལ་གྱི་རེད། དེ་ཡང་ངོས་ཀྱིས་གསལ་བཤད་ཡིན། བསྟེན་དང་མ་བསྟེན་སོ་སོའི་རང་དབང་རེད། བསྟེན་ན་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་བཟུང་དམ་ཚིག་ཉམས་ཡོད། སྐུ་གོང་མ་དང་དམ་ཚིག་ཉམས་ཡོད། ཁྲི་ཆེན་ངག་དབང་མཆོག་ལྡན་དང་དམ་ཚིག་ཉམས་ཡོད། ཁྲི་ཆེན་ངག་དབང་མཆོག་ལྡན་དང་དམ་ཚིག་ཉམས་དུས་༸རྒྱལ་བ་སྐལ་བཟང་རྒྱ་མཚོ་དང་དམ་ཚིག་ཉམས་ཡོད། སྐུ་ཕྲེང་བཅུ་གསུམ་པ་དང་དམ་ཚིག་ཉམས་པ་ཧ་ཅང་གསལ་པོ་རེད། དེ་ཁྱེད་ཚོས་ཤེས་ཀྱི་རེད། ཁྱེད་ཚོ་བྲག་གཡབ་པ་ཚོ་དང་ཆབ་མདོ་བའང་འགའ་ཤས་ཡོད། ཁྱེད་ཚོས་གོ་བྱུང་ངམ། ངོས་ལ་ཡིད་ཆེས་ཡོད་ན་ངོས་ཀྱིས་བརྗོད་པ་དེར་བརྟག་དཔྱད་བྱོས། རྒྱུ་མཚན་མཐོང་ན་དེར་ཉོན། ངོས་ཀྱིས་བརྗོད་པ་དེར་རྒྱུ་མཚན་མ་མཐོང་ན་དེར་དགག་པ་རྒྱོབ་ཤོག ཧམ་པ་བྱས་ནས་དགག་པ་བརྒྱབ་ན་ཕན་རྒྱུ་མེད། ལོ་བཞི་བརྒྱའི་ལོ་རྒྱུས་ནང་ཡོད་པ་དེ་དག་དགེ་ལྡན་ལྷན་ཚོགས་ཀྱིས་ཐོག་ནས་མར་གོ་རིམ་བསྒྲིགས་ཏེ་དེབ་བཏོན་ཡོད། དེར་དགག་པ་རྒྱག་དགོས་པ་ལས་གཞན་ཞེད་སྣང་སྐུལ་ན་ཕན་ཐོགས་གང་ཡང་མེད། ཅེས་བཀའ་སློབ་སྩལ། །