ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་གནང་ཡུལ་དགའ་ལྡན་བྱང་བརྩེ་གྲྭ་ཚང་གི་འདུ་ཁང་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་དང་ཀར་ན་ཊ་ཀ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ཨར་ཝི་དེ་ཤི་པན་ཌེ་ (RV Deshpande) མཆོག ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག གཞན་ཡང་གནད་ཡོད་མི་སྣ་ཁག་གཅིག མོན་རྟ་དབང་ཁུལ་ནས་བཅར་བའི་སེར་སྐྱ་མང་ཚོགས། དེ་བཞིན་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༣༠༠༠༠ བརྒལ་བའི་དབུས་སུ་མོན་རྟ་དབང་ཁུལ་གྱི་གཞུང་མང་གཉིས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།
སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཁྲི་རིན་པོ་ཆེ་མཆོག་གིས་དབུས་ཤར་བྱང་ཆོས་རྗེ་རྣམ་གཉིས་དང་མངའ་སྡེ་ཁག་གཉིས་ཀྱི་བློན་ཆེན་དང་འབྲེལ་ཡོད་མི་སྣ། དེ་བཞིན་ཆོས་ཞུ་བ་བཅས་ཚང་མར་ཞུ་རྒྱུར། དེ་རིང་འདིར་ལོ་རྒྱུས་ཀྱི་ཐོག་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པ་མོན་གྱི་སེར་སྐྱ་མི་མང་དང་མངའ་སྡེ་གཞུང་གི་མི་སྣ་བཅས་ཁྱེད་ཚོས་དེ་རིང་འདིར་ངོས་རང་རྒྱ་གར་ས་ཐོག་ཏུ་བསླེབས་ནས་ཆོས་འབྲེལ་དང་པོ་དེ། རྟ་དབང་དགོན་པར་བྱས་ནས་ལོ་ ༥༥ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་དམིགས་བསལ་ཞིག་གོ་སྒྲིག་གནང་བར་ཐུགས་བརྗེ་ཆེ་ཞུ་རྒྱུ་ཡིན། ལོ་ངོ་ ༥༥ ཕྱིན་པའི་དཔར་དེབ་ཆུང་ཆུང་འདིའི་ནང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་བརྒལ་ནས་ཀེན་ཛ་མ་ནི་ལ་བསླེབས་རྗེས་རྟ་དབང་དུ་འབྱོར་བ་རེད། དེ་དུས་ངོས་རང་མང་མང་ལ་མ་བསླེབ་ཙམ་ལ་རྒྱུ་ཚད་ན་བྱུང་། མང་མང་དུ་མཚན་གཅིག་གྲོང་གསེབ་ཀྱི་ཁང་པ་ཞིག་ནང་བསྡད། དེ་ནས་ཀེན་ཛ་མ་ནིར་བསླེབས་སྐབས་གཟུགས་པོ་དེ་ཙམ་བདེ་པོ་མེད། ཀེན་ཛ་མ་ནིར་བསླེབས་སྐབས་ངོས་ཀྱི་ངོ་ཤེས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་དེ་སྔ་བོད་དུ་བསྡད་མྱོང་མཁན་མི་ནོན་ (Menon) དང་སྐད་བསྒྱུར། དེ་བཞིན་ཕྱི་ལོ་ ༡༩༥༦ ལོ་ནས་སྐུ་སྲུང་བ་བྱེད་མཁན་ཞིག་ཡོད།
རྩ་བའི་དེ་སྔ་བོད་ཁམས་ནས་ཡོང་བའི་རྒྱ་གར་ཁམས་པ་བྱས་ནས་ཀ་ལོན་སྦུག་ལ་སྡོད་མཁན་ཞིག་ཡོད། ཁོང་རྣམས་བསླེབས་བྱུང་། མེ་ནོན་ལྷ་ས་བདེ་སྐྱིད་གླིང་ཁར་རྒྱ་གར་གཞུང་གི་སྐུ་ཚབ་བྱས་ནས་གང་ཙམ་སྡོད་མྱོང་ཡོད། ཁོང་ཚོའི་གདོང་པ་མཐོང་སྐབས་ཚོར་བ་མི་འདྲ་བ་ཞིག་བྱུང་། སྐབས་དེར་ཉེན་ཁ་ལས་གྲོལ་བ་རེད། མི་ནོན་གྱིས་རྒྱ་གར་གཞུང་གི་སྲིད་བློན་ནེ་ཧ་རུ་རང་གིས་༧རྒྱལ་བ་རིན་པོ་ཆེར་དགའ་བསུ་ཞུ་རྒྱུ་ཡིན། ཞེས་པའི་བརྡ་ལན་གནང་བྱུང་། སྐབས་དེར་ཁྱེད་ཚོ་མོན་པ་ཚོར་ཞྭ་མོ་ནག་པོ་ཞིག་གྱོན་རྒྱུ་ཡོད། ཕལ་ཆེར་ཆར་པའི་ནང་འགྲོ་རྒྱུར་འབྲེལ་བ་ཞིག་མེད་འགྲོ། སྣེ་རིང་པོ་བྱས་ནས་ཆར་པ་བཏང་ན་ཆར་ཐིགས་སྣེ་ནས་མར་འགྲོ་རྒྱུ་ཞིག་ཡོད། ཁྱེད་ཚོས་དངོས་གནས་དྲང་གནས་ལྷག་བསམ་གཡོ་བ་མེད་པར་དགའ་ཞེན་རྩེ་གཅིག་གི་ཐོག་ནས་ང་ཚོ་ཙམ་མ་རེད། ཕྱིས་སུ་བོད་མི་བྲོས་བྱོལ་དུ་ཡོང་མཁན་རྣམས་ལ་རོགས་རམ་གང་ཐུབ་བྱས་འདུག་པ་མ་ཟད། ད་ལོ་ཁྱེད་ཚོར་དཀའ་ངལ་འཕྲད་སོང་། ཞེས་བརྗོད་འདུག་པ་གོ་ཐོས་བྱུང་། དངོས་གནས་ཤ་ཚ་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་ཚོའི་མོན་ཙམ་དེ་ཟ་རྒྱུ་ཁག་པོ་བྱུང་འདུག དུས་ཚོད་དེ་འདྲ་ཞིག་ཤར་བ་རེད། དེ་ནས་བཟུང་ད་བར་ལོ་ ༥༥ ཕྱིན་པ་རེད། ལོ་ཡུན་དེའི་རིང་བཙན་བྱོལ་བོད་མི་ཚོས་དེང་རབས་ཀྱི་ཤེས་ཡོན། དེ་བཞིན་ཕ་མེས་ནས་ཡོད་པ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སངས་རྒྱས་ཀྱི་ཆོས་གཅིག་པུའི་སྐད་ཆ་མ་རེད། གང་ལྟར་དེའི་ཚེ་དེའི་དུས་ཀྱི་ནཱ་ལེནྡྲ་དེ་རྒྱ་གར་ནང་གི་རིག་གནས་ཚང་མའི་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་ཆགས་འདུག དེར་བརྟེན་ནཱ་ལེནྡྲ་བརྗོད་སྐབས་དགོན་པ་ལྟ་བུ་ཚོགས་ཚོགས་ནས་སྡོད་ས་དེ་འདྲ་རེད་མིན་འདུག མཁས་པའི་འབྱུང་གནས། རིག་གནས་ཚང་མ་ཡོད་ས་ཞིག་རེད། ང་ཚོ་བོད་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བརྗོད་སྲོལ་ཡོད། དེས་མཚོན་པའི་དེའི་ཚེ་དེའི་དུས་ཀྱི་རིག་གནས་ཚང་མ་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་ཡིན་ས་རེད།
ང་ཚོ་བོད་ལ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེས་བཀྲིན་ལ་བརྟེན་ནས་དུས་རབས་བརྒྱད་པ་བཟུང་ནཱ་ལེནྡྲ་རང་གི་ཕྱག་སྲོལ་དྲི་མ་མེད་པ་ཞིག་བོད་ལ་ཚུགས་ནས་ཡོད་པ་འདི་བོད་མི་གཅིག་པུའི་དོན་དག་མ་རེད། འདི་ནང་པ་ཡོངས་རྫོགས་ལ་ཁེས་ཕན་ཡོད། ལྷག་པར་ནཱ་ལེནྡྲའི་གཞུང་ནང་ལྟ་གྲུབ་དང་། དེ་བཞིན་བརྟག་དཔྱད་བྱེད་རྒྱུ། ཆོས་གང་དང་གང་ལ་ཡིན་ནའང་དོན་དག་གཅིག་དང་འཕྲད་མ་ཐག་དེའི་རྒྱུ་མཚན་དང་གནད་འགག་གང་ཡིན་ནམ་ཞེས་བརྟག་དཔྱད་བྱེད་རྒྱུའི་གོམས་གཤིས་ཤིག་བཞག་ཡོད། མིའི་རྣམ་དཔྱོད་ཡར་རྒྱས་གཏོང་རྒྱུར་དེ་འདྲ་ཡིན་པ་རེད་བསམས་ནས་བཞག་ན་ཡར་རྒྱས་འགྲོ་རྒྱུ་མ་རེད། དེ་གང་ཡིན་ནམ། གནད་དགག་གང་ཡིན་ནམ། དགོས་པ་དང་ཉིང་དགོས་གང་ཡིན་ནམ། ཞེས་བརྩད་གཅོད་བྱས་ན་མིའི་རྣམ་དཔྱོད་ཡར་རྒྱས་འགྲོ་གི་རེད། དེར་བརྟེན་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་བོད་མི་སློབ་སྦྱོང་བྱེད་མཁན་ཚོའི་རྣམ་དཔྱོད་ཀྱི་སྒོ་ཕྱེ་ནས་མི་འདྲ་བ་ཞིག་ཡོད། དེ་འདྲ་འདི་ང་ཚོ་བོད་མི་རང་ཉིད་ཀྱི་གཅེས་ནོར་ཙམ་མིན་པར་ཆེ་ས་ནས་བཤད་ན་ཧ་ལམ་འཛམ་གླིང་སྤྱི་ལ་ཡིན་ནའང་ཞབས་འདེགས་བསྒྲུབ་ཐུབ་པ་ཞིག་ཡོད་སྟབས། འདི་ང་ཚོས་གལ་ཆེན་པོར་བརྩིས་ནས་གཞིས་ཆགས་ཁག་ནང་མཐུན་རྐྱེན་འཛོམས་པོ་དེ་ཙམ་མེད་ཀྱང་། བཤད་གྲྭ་ཆེ་ཁག་དེ་དག་བཙུགས་ནས་ཡོད། འཛམ་གླིང་འདིའི་སྒང་ལ་ཡིན་ནའང་ང་ཚོ་བོད་པའི་གྲོགས་པོ་ངོ་ཤེས་འཛམ་གླིང་ཤར་ནུབ་ཡུལ་གྲུ་མང་པོ་ཞིག་ནས་ཡོང་གི་ཡོད། ལྷག་པར་དུ་ཤར་ཕྱོགས་ལུང་པ་ནང་པའི་ཆོས་དེའི་ནང་ཚན་ནས་ན་ལེནྜའི་ཆོས་བརྒྱུད་ཀྱི་ཁུངས་གཅིག་གྱུར་ཡིན་པ་རྒྱའི་ཆོས་གྲོགས། ཉི་ཧོང་། ཝི་ཏི་ནམ། ཀོ་རི་ཡའི་ནང་ནས་དམིགས་བསལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། གང་ལྟར་ང་ཚོས་དེང་དུས་ཤེས་ཡོན་ཐོག་ལ་ཤུགས་རྒྱག་རྒྱུ་གཅིག་དང་ང་ཚོར་ན་ལེནྜའི་ཆོས་བརྒྱུད་ཀྱི་ཤེས་ཡོན་ཞིག་ཡོད་པ་དེ་བདག་པོ་རྒྱག་རྒྱུ་དང་གཉིས། དེ་ནས་བོད་མིའི་འཚོ་བ་རང་འཚོ་བྱེད་ཐུབ་པའི་དམིགས་ཡུལ་བཟུང་ནས་ཕྱི་ལོ་ ༡༩༦༠ ནང་ནེ་ཧ་རུ་ལ་སྐྱབས་འཇུག་ཞུས། སྐབས་དེར་ནེ་ཧ་རུས་རྒྱ་གར་ནང་གི་མངའ་སྡེ་མང་པོ་ཞིག་ལ་འབོད་སྐུལ་གནང་སྐབས་བརྡ་ལན་ཡག་ཤོས་དེ་སྐབས་དེར་མེ་སོར་རམ་ད་ལྟའི་ཀར་ན་ཊ་ཀ་མངའ་སྡེ་ནས་བྱུང་བ་རེད། མངའ་སྡེའི་བློན་ཆེན་ནི་ཇི་ལིང་ག་པ་མཆོག་ཁོང་ངོས་ཀྱིས་ཕྱི་ལོ་ ༡༩༥༦ ལོར་ངོ་ཤེས་རེད། ཁོང་གིས་དམིགས་བསལ་གྱི་དོ་སྣང་དང་ཤ་ཚ་བྱས་ནས་ཐུགས་འགན་རྐང་བཞེས་གནང་སོང་།
དེ་ནས་ཐོག་མར་སྦེལ་ཀོབ་དང་དེ་རྗེས་མོན་གྷོ་གཞིས་ཆགས་ཚུགས་པ་རེད། དེ་ནས་རིམ་བཞིན་ཀོ་ལེ་གྷལ་དང་ཧུན་སུར་སོགས་ཚུགས་པ་རེད། ད་ལྟ་ཀར་ན་ཊ་ཀ་མངའ་སྡེའི་གཞུང་གིས་ལམ་བཟོ་དང་མགྲོན་ཁང་རྒྱག་རྒྱུའི་དགོངས་པ་བཞེས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་ཡོད་པའི་བཤད་གྲྭ་ཁག་དེ་དག དགོན་པ་ཆུང་ཆུང་དེ་གྲས་མང་པོ་ཡོད། དེ་ཚོའི་སྐོར་ལ་ཞུ་རྒྱུ་གང་ཡང་མེད། བཤད་གྲྭ་སྤུས་དག་ཡོད་པ་དེ་དག་སྤྱིར་སྟངས་དགོན་པ་ཞིག་མ་རེད། སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་ཆགས་ཡོད། སྔ་མོ་ནཱ་ལེནྡྲ་དེའི་ཚེ་དེའི་དུས་ཀྱི་གཙུག་ལག་སློབ་གྲྭ་ཞིག་ཆགས་ཡོད། ད་ལྟ་ང་ཚོས་བསྐྱར་གསོ་བྱ་རྒྱུ་དེ་སྐབས་དེ་དུས་ཀྱི་ནཱ་ལེནྡྲའི་གཙུག་ལག་སློབ་གྲྭའི་ངོ་བོ་དེ་ཚང་ཡོད། ཚད་མ་རིག་པ་ཞེ་དྲག་སློབ་བཞིན་ཡོད། དེའི་ཐོག་ལ་བར་སྐབས་ཤིག་ནས་འདིར་ཚན་རིག་བསླབ་རྒྱུ་གཅིག་འགོ་ཚུགས་ཡོད། དེར་བརྟེན་ད་ཆ་དེང་དུས་ཀྱི་ཤེས་ཡོན་ཚང་བའི་ཐོག་ནས་སློབ་སྦྱོང་བྱེད་སའི་བསྟི་གནས་ཁང་ཞིག་ཆགས་ཐུབ་རྒྱུར་ཤུགས་ཤིག་རྒྱག་གི་ཡོད། དངོས་གནས་དྲང་གནས་ཀྱི་དེང་དུས་ཀྱི་རིག་གནས་ཆེ་བ་ལྔ་བཟོ་རིག་པའི་ནང་ཚན་རིག་བཅུག་ཐུབ་རྒྱུ་རེད། དེར་བརྟེན་ང་ཚོའི་བཤད་གྲྭ་ཁག་དེ་དག་ནང་གནའ་རབས་དང་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་གཙུག་ལག་སློབ་གྲྭ་ཞིག་ཡོང་ཐུབ་རྒྱུར་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད། འདིར་སློབ་གཉེར་རྒྱག་མཁན་ཚོ་དང་མཁན་པོ་ལས་ཟུར། དེ་བཞིན་དཔེ་ཁྲིད་གནང་མཁན་ཚོས་ལྷག་བསམ་རྣམ་དག་གིས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད། ད་དུང་ང་ཚོས་ཡར་རྒྱས་གཏོང་རྒྱུར་གོ་བསྡུར་བྱས་ནས་ང་ཚོས་ཆོག་ཤེས་བྱས་ནས་སྡོད་ཀྱི་མེད།
ཁ་སེང་ཏུམ་ཀུར་གཙུག་ལག་སློབ་གྲྭ་དང་སེར་བྱེས་གྲྭ་ཚང་གཉིས་ལོ་འགའ་ཤས་གོང་ནས་ཤེས་ཡོན་བརྗེ་ལེན་གྱི་འབྲེལ་བ་ཞིག་ཚུགས་འདུག དེར་དཔེ་ལྟས་ནས་བཤད་གྲྭ་ཆེ་ཁག་གཞན་ཚོས་དེ་ལྟར་བྱས་ན་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད། དེ་ནི་ངོས་ཀྱི་ལོ་སུམ་ཅུའི་རིང་ཚན་རིག་པ་དང་གོ་བསྡུར་བྱས་པའི་ཉམས་མྱོང་ཡོད། སེམས་ཁམས་རིག་པའི་རྣམ་གཞག་འདི་ཚན་རིག་པ་ལ་དེ་ཙམ་ཕྱུག་པོ་མེད། ཚན་རིག་ནང་བཤད་པའི་རྡུལ་ཕྲན་སྐོར་དེ་དག་ང་ཚོའི་གཞུང་ནང་སྤྱིར་སྟངས་ཡོད་ཀྱང་དེ་ཙམ་ཞིབ་ཚགས་པོ་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།།