༢༠༡༤ ཟླ་ ༡༢ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༡ ཉིན་གྱི་ཕྱེད་ཡོལ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་ Italy རྒྱལ་ས་རོམ་ Rome གྱི་གནམ་ཐང་དུ་༧ཞབས་སོར་བདེ་བར་འཁོད་སྐབས་ནོ་བེལ་ཞི་བདེའི་ལྷན་ཚོགས་ཀྱི་གཏན་འཇགས་ལས་ཁུངས་ཀྱི་ཚོགས་གཞོན་སྐུ་ཞབས་ཨེན་ཛོ་ཀར་ཤིའོ་ Enzo Cursio, མཆོག་དང་སྦར་སེལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། བཞུགས་གནས་མགྲོན་ཁང་དུ་༧ཞབས་སོར་འཁོད་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༡༥༠ ལྷག་གིས་བོད་ཀྱི་གསོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
གཞན་ཡང་སྐབས་དེར་གསར་འགོད་པ་མི་གྲངས་བཅུ་ལྷག་གིས་དོ་སྣང་ཧ་ཅང་ཆེན་པོས་དེང་སྐབས་ཆོས་ལུགས་ཀྱི་མིང་ཐོག་འཚེ་བའི་བྱ་སྤྱོད་འདྲ་མིན་སྤེལ་བཞིན་པ་དེར་དགོངས་ཚུལ་ཇི་ཡོད་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན།
སྤྱིར་སྟངས་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་འོག་རྩོད་རྙོག་བྱུང་བ་ནི་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། འོན་ཀྱང་ཆོས་ལུགས་ལ་རྟེན་ནས་རྩོད་རྙོག་བྱུང་། ཞེས་པ་ནི་དངོས་གནས་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན་སྐོར་དང་། རྒྱ་གར་ནང་ལ་ཆ་མཚོན་ན། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་གནས་ཡོད། དེ་ནི་གཙོ་བོ་རྒྱ་གར་གྱི་སྲོལ་རྒྱུན་ནང་བཟོད་བསྲན་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་རྟེན་ནས་བྱུང་བ་ཞིག་ཡིན། ཞེས་བཀའ་ལན་སྩལ། ཕྱི་ཚེས་ ༡༣ ཉིན་མགོན་པོ་གང་ཉིད་མཆོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༤ ནང་ལྷན་ཞུགས་མཛད་རྒྱུ་ཡིན་འདུག ལྷན་ཚོགས་འདི་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་འདུག་པ་བཅས།།