༢༠༡༤ ཟླ་ ༡༢ ཚེས་ ༢ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢ ནས་ ༥ བར་ཉིན་བཞིའི་རིང་མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་སོག་པོའི་བླ་མ་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས་གཙོས་གསུང་ཆོས་ཀྱི་སྦྱིན་བདག་ནས་སྤོས་སྣེས་སྔུན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ་སོག་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་སོག་པོའི་ཆོས་ཞུ་བ་གྲངས་ ༧༠༠ དང་། རྒྱ་གར་གྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༤༨ ནས་བཅར་བའི་ཆོས་ཞུ་བ་གྲངས་ ༡༠༠༠ དང་ ཧི་མ་ལ་ཡ་དང་རྒྱ་གར་བ། དེ་བཞིན་རང་རིགས་བཅས་ཁྱོན་མི་གྲངས་ ༤༠༠༠ བརྒལ་བ་རྣམས་ལ་འཚམས་འདྲི་དང་ལྷན་བཀའ་སློབ་ཕེབས་དོན། དེ་རིང་ཆེན་པོ་ཧོར་གྱི་ཆོས་དོན་གཉེར་ཅན་ཁྱོད་རང་ཚོས་དཀའ་ལས་རྒྱབ་འགྲོ་སོང་བཏང་ནས་སླེབས་པ་རེད། ཚང་མར་འཚམས་འདྲི་ཡོད། ལམ་རིམ་ཆེན་མོ་སོག་སྐད་ལ་བསྒྱུར་ནས་དཔར་རྒྱབ་འདུག དེ་ཧ་ཅང་ཡག་པོ་བྱུང་འདུག ལམ་རིམ་ཆེན་མོ་སོག་སྐད་ལ་བསྒྱུར་མཁན་དང་། དཔར་ཁང་དང་ལས་ཀ་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ངོས་རང་ཕྱི་ལོ་ ༡༩༧༩ ལོར་སོག་ཡུལ་ནང་ཐོག་མར་བསླེབས་པ་རེད། སྐབས་དེར་དམར་པོའི་སྲིད་གཞུང་རེད། སྐབས་དེར་སྤྱི་ཡོངས་ཀྱི་ཐོག་ནས་ཆོས་ཕྱོགས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་སྒེར་སོ་སོ་ཐུག་སྐབས་ནང་ཆོས་ལ་དད་པ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་ངོས་ཀྱིས་མཐོང་བྱུང་། བར་སྐབས་རང་དབང་ཐོབ་རྗེས་ཁྱེད་རང་ཚོས་སོ་སོའི་ཕ་མེས་ནས་ཡོད་པའི་ཆོས་དེར་རང་དབང་ཡོད་པའི་ཐོག་ནས་ཐོས་བསམ་སྒོམ་གསུམ་བྱེད་རྒྱུ་བྱུང་བ་རེད། ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་དེར་དད་པ་ཙམ་མ་ཟད་ དད་པ་བྱེད་སའི་ཆོས་དེ་གང་འདྲ་ཞིག་ཡོད་མེད་སློབ་སྦྱོང་བྱས་ནས་ཆོས་ཤེས་པའི་ཐོག་ནས་དད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལམ་རིམ་ཆེན་མོ་འདི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་གཞུང་གལ་ཆེན་པོ་ཞིག་རེད། ཁྱེད་རང་ཚོ་སོག་ཡུལ་ནས་བསྒྱུར་བཞག་པ་དེ་དག་ཏན་ཏན་ཕན་ཐོགས་ཡོང་གི་རེད། དེ་ཁྱེད་རང་ཚོའི་མཆོད་གཤོམ་ནང་སྒྲིག་བཞག་པ་མིན་པར་ཀློག་དེབ་ཡིན་བསམ་ཏེ་ལྟ་དགོས་ཀྱི་ཡོད།
ཁྱེད་རང་ཚོས་༸རྒྱལ་བ་རིན་པོ་ཆེའི་མདུན་ནས་ཆོས་ཞུ་རྒྱུ་བྱུང་བར་སྐལ་པ་བཟང་པོ་ཡིན་བསམས་པ་དེ་མིན་པར། ཕྱོགས་གཅིག་ནས་སོ་སོ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཏན་དུ་ཡོང་གི་ཡོད། སྡུག་བསྔལ་ཉུང་དུ་འགྲོ་རྒྱུ་དང་བདེ་བ་ཡོང་རྒྱུའི་དོན་དུ་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད། སྐབས་སུ་བབ་པ་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་དོ་སྣང་བྱེད་སའི་སངས་རྒྱས་པའི་ཆོས་དེ་སློབ་སྦྱོང་བྱས་ནས་ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས། དེ་ནས་ཐོས་པ་གང་དེར་ཡང་ནས་ཡང་དུ་བསམ་བློ་བཏང་ནས་བསམ་བྱུང་གི་ཤེས་རབ་སྐྱེས། དེ་ནས་བསམ་བྱུང་གི་ངེས་པ་ཐོབ་པའི་དོན་དེར་ཡང་ནས་ཡང་སྒོིོམ་འདྲིས་བསྟེན་ནས་སེམས་བརྒྱུད་ལ་འགྱུར་བ་འགྲོ་རྒྱུར་ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་འདི་ལྟར་འགྲོ་དགོས་ཀྱི་ཡོད། དེ་རིང་ཏཱ་ལའི་བླ་མའི་མདུན་ནས་ཆོས་ཉན་པ་དེ་སློབ་སྦྱོང་ཡིན་བསམས་དགོས། ངས་ཆོས་དེ་ཤེས་པར་བྱས་ནས་ཉམས་ལེན་ཡག་པོ་བྱས་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་སྤུས་དག་ཅིག་བྱེད་ཀྱི་ཡིན་བསམས་པའི་བསམ་བློ་འདི་ལྟར་གཏོང་ཨང་། ཞེས་སོགས་ཀྱི་བཀའ་སློབ་སྩལ།
སྐབས་དེར་སོག་པོའི་ཆོས་ཞུ་བ་གཅིག་གིས་དོལ་རྒྱལ་སྐོར་གྱི་དྲི་བ་ཕུལ་བར་བཀའ་ལན་སྩལ་དོན། དོལ་རྒྱལ་སྐོར་དེ་༸གོང་ས་ལྔ་པ་ཆེན་པོའི་སྐབས་གནས་ཚུལ་འདི་བྱུང་བ་རེད། དོལ་རྒྱལ་སྐོར་ལ་༸གོང་ས་ལྔ་པ་ཆེན་པོ་རྒྱུས་ཡོད་ཆེ་ཤོས་དེ་ཡིན། ༸གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་བ་རེད་ཅེས་ཞུས་ན། པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོངས་པ། ཞེས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་ཞེས་གསུངས་ཡོད། གྲགས་པ་རྒྱལ་མཚན་གྱི་མ་ཡུམ་དེ་ལག་ཨ་རྒྱལ་ཟེར་བ་ཞིག་ཡོད། ལག་འབྱོན་པོ་དང་གྲུང་པོ་ཡོད། འཕྲུལ་ལ་བསྟེན་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་འབྲེལ་བ་ཐབས་མཁས་ཞུས་ཏེ། མཐའ་མར་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་ལ་ངོས་འཛིན་བྱུང་བ་རེད། རྒྱལ་བ་ལྔ་པས་དེར་ངོས་འཛིན་གནང་མེད། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོངས་པ། སྨོན་ལམ་ལོག་པས་དམ་སྲིར་འགྱུར་ཏེ་བསྟན་དང་འགྲོ་བར་འཚེ་བ་བྱས་པ། ཞེས་གསུངས་འདུག འདིའི་དོན་དག་དེ་རྒྱུའི་ཁྱད་པར་སྨོན་ལམ་ལོག་པ། ངོ་བོའི་ཁྱད་པར་དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར་བསྟན་པ་དང་འགྲོ་བར་འཚེ་བ་བྱེད་མཁན། འདི་ལྟར་གསུངས་ཡོད།
སྔ་མོ་ངོས་ཀྱིས་འདི་ཤེས་ཀྱི་མེད། དོལ་རྒྱལ་གྱི་རྙོག་གྲ་ཡོད་པ་ཕྲན་བུ་གོ་མྱོང་ཡོད། ངོས་ཀྱིས་མ་ཤེས་པའི་དབང་གིས་དོལ་རྒྱལ་བསྟེན་སྲོལ་བྱས་པ་རེད། རྗེས་སུ་ངོས་རང་ལ་དགེ་སློང་གི་སྡོམ་པ་གནང་མཁན་མཁན་ཆེན་རྡོ་རྗེ་ཆང་ཡོངས་འཛིན་གླིང་རིན་པོ་ཆེ་དོལ་རྒྱལ་ལ་ཤུགས་ཆེ་མཉེས་པོ་གནང་གི་མེད། དེར་ལྟར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་ཤུགས་ཆེ་བསྟེན་གྱི་ཡོད་པར་བརྟེན་ངོས་ཀྱིས་ཀྱང་བསྟེན་ཡོད། གླིང་རིན་པོ་ཆེས་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་ཤུགས་ཆེ་བསྟེན་གྱི་ཡོད་པར་དངོས་གསལ་དོད་པོའི་དགག་པ་སྐྱོན་གྱི་མེད། ནང་རྟག་ཏུ་རིན་པོ་ཆེས་ཐུགས་བློ་འཁེལ་ས་ཚོར་དོལ་རྒྱལ་བསྟེན་རྒྱུ་མེད་ཅེས་གསུངས་འདུག ཕྱིས་སུ་ངོས་ཀྱང་ཐེ་ཚོམ་ཞིག་བཟའ་ནས་བརྟག་དཔྱད་ཧ་ཅང་མང་པོ་བྱས་པ་ཡིན། མཐར་དོལ་རྒྱལ་བསྟེན་ན་ཕན་ཐོགས་མེད་པའི་གནས་ཚུལ་ཞིག་ཡོང་སྐབས་གཞི་ནས་ལོ་བཞི་བརྒྱའི་ལོ་རྒྱུས་ཀྱི་ཐོག་ཞིབ་འཇུག་བྱས་པར་བརྟེན་༸གོང་ས་ལྔ་པ་ཆེན་པོས་གསུངས་པ་དེ་བརྙེད་པ་རེད། དེ་ནས་ངོས་ཀྱིས་དེ་བསྟེན་རྒྱུ་མཚམས་འཇོག་བྱས་པ་རེད། ངོས་ཀྱིས་དོལ་རྒྱལ་བསྟེན་སྲོལ་མཚམས་འཇོག་བྱས་པར་གླིང་རིན་པོ་ཆེས་ཧ་ཅང་མཉེས་པོ་གནང་སོང་། ད་ཧ་ཅང་ཡག་པོ་བྱུང་སོང་ཞེས་གསུངས་བྱུང་།
གླིང་རིན་པོ་ཆེ་ནི་ངོས་ཀྱིས་བསྙེན་རྫོགས་སྒྲུབ་ས་དང་དབང་ཡང་མང་པོ་ཞུས་པ་ཡིན། ངོས་ལ་དཔེ་ཁྲིད་གནང་མཁན་གཙོ་བོ་གླིང་རིན་པོ་ཆེ་རེད། རྩ་བའི་བླ་མའི་ཁོང་ཧ་ཅང་ཐུགས་དགྱེས་པོ་གནང་སོང་། ངོས་ཀྱིས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ངོས་རང་བརྟག་དཔྱད་ནན་པོ་བྱས་སྐབས་དོལ་རྒྱལ་བསྟེན་སྲོལ་མཚམས་འཇོག་བྱོས་ཞེས་ཡོང་གི་འདུག ཅེས་ཞུས་པར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་འདིར་ནོར་འཁྲུལ་ཁྱོ་ནས་མེད། བརྟག་དཔྱད་བྱེད་སྟངས་དེ་དག་ཡང་དག་པ་བྱུང་འདུག དགོས་པ་རྒྱུ་མཚན་ཏན་ཏན་ཡོད་རེད་འགྲིག་འདུག་ཅེས་གསུངས་བྱུང་། དེ་རྗེས་ངོས་ཀྱིས་ངོས་རང་ལ་ཉམས་མྱོང་བྱུང་པ་དེ་མི་གཞན་ལ་འགྲེལ་བཤད་རྒྱག་གི་ཡོད། དེ་ནི་ངོས་ཀྱི་ལས་འགན་རེད། འགྲེལ་བཤད་བརྒྱབ་ནས་ཉན་དང་མ་ཉན་མི་སོ་སོས་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་ངོས་ཀྱིས་བཀའ་གཏོང་རྒྱུ་མེད། བོད་པའི་སྤྱི་ཚོགས་ནང་དོལ་རྒྱལ་བསྟེན་མཁན་དེ་ཙམ་མང་པོ་མེད། ༸རྒྱལ་བ་ལྔ་པ་དང་། ཁྲི་ཆེན་ངག་དབང་ཆོག་ལྡན། སྐུ་མདུན་སྐུ་གོང་མ་བཅས་ནས་དམ་བསྒྲགས་གནང་ཡོད། དེ་དང་དེ་འདྲ་བ་ཁང་གསར་རྡོ་རྗེ་ཆང་གིས་མ་མཉེས་པ་ཤུགས་ཆེན་པོ་འདུག དེ་མཚུངས་དགེ་ལུགས་པའི་བླ་མ་མང་པོ་ཞིག་གིས་དམ་བསྒྲགས་དང་མ་མཉེས་པ་གནང་གི་ཡོད། ཉུས་ཤས་ཤིག་གིས་དོལ་རྒྱལ་བསྟེན་གནང་ཡོད། འགྲོ་སྟངས་དེ་འདྲ་བྱུང་བ་རེད། དེར་བརྟེན་སྐུ་མདུན་སྐུ་གོང་མས་དོལ་རྒྱལ་ལ་དམ་བསྒྲགས་ཤུགས་ཆེ་གནང་གི་ཡོད་སྟབས། སྐུ་གོང་མ་གཤེགས་སྐབས་དོལ་རྒྱལ་གྱིས་དགའ་བསུ་ཞུས་ཡོད་པ་ལོ་རྒྱུས་ནང་གསལ་གྱི་ཡོད།
དེ་རིང་ཁ་སང་ཕལ་ཆེར་དོལ་རྒྱལ་བསྟེན་མཁན་ཚོས་ཀྱང་ངོས་རང་འཆི་རྒྱུར་ངང་སྒུག་བྱེད་བཞིན་ཡོད། འདི་དངོས་ཡོད་གགནས་ཚུལ་རེད། སྤྱི་ཡོངས་ཀྱི་འགྲོ་སྟངས་འདི་འདྲ་ཞིག་རེད། བོད་རིགས་ཙམ་མ་ཟད་ཕྱི་རྒྱལ་བ་དོལ་རྒྱལ་བསྟེན་མཁན་ཡོད་ཁོངས་ནས། རིགས་གཅིག་གིས་དོལ་རྒྱལ་བསྟེན་སྲོལ་མཚམས་འཇོག་བྱས་རྗེས་གནོད་པ་ལྟ་བུ་གང་ཡང་གོ་རྒྱུ་མི་འདུག ཁ་ཤས་ལ་རྨི་ལམ་འཚུབ་འཚུབ་དེ་འདྲ་བྱུང་ཡོད་པ་འདྲ། འོན་ཀྱང་དེ་འདྲའི་གནོད་པ་གང་ཡང་མི་འདུག ཁྱེད་རང་ཚོ་དོལ་རྒྱལ་བསྟེན་མཁན་ཚོས་གལ་ཏེ་སོ་སོའི་བསམ་བློའི་ནང་མུ་མཐུད་བསྟེན་གྱི་ཡིན་བསམས་ན་སོ་སོ་རང་དབང་རེད། ངས་དེར་ལོ་མང་པོ་བརྟག་དཔྱད་བྱས་ཏེ་ལོ་བཞི་བརྒྱའི་ལོ་རྒྱུས་རྙོག་གྲ་ཡོད་དེ་མཚམས་འཇོག་བྱེད་རྒྱུར་བློ་ལ་བབ་ན་མཚམས་འཇོག་བྱེད་རྒྱུར་རྩ་བ་ནས་ཞེད་སྣང་བྱེད་དགོས་མ་རེད། ཁྱེད་རང་ཚོས་བསམ་བློའི་ནང་འདི་བསམ་བློ་གཏོང་། ཁྱེད་རང་ཚོས་མཚམས་འཇོག་བྱེད་རྒྱུ་དེ་སྒེར་སོ་སོས་དོལ་རྒྱལ་ལ་མ་དགའ་བ་བྱས་ནས་མཚམས་འཇོག་བྱས་པ་ཞིག་མིན། ང་ཚོའི་ཏཱ་ལའི་བྷག་ཤིས་འདི་དང་པོ་བསྟེན། དེ་ནས་དེར་སྐྱོན་ཞིག་མཐོང་ནས་མཚམས་འཇོག་བྱས་པ་རེད། དེར་བརྟེན་ཏཱ་ལའི་བྷག་ཤིས་ང་ཚོར་ལམ་སྟོན་བྱས་པ་དེའི་རྗེས་སུ་འགྲོ་གི་ཡོད། དོལ་རྒྱལ་ཁྲོས་འདོད་ན་ཏཱ་ལའི་བླ་མར་ཁྲོས་རོགས་ཞེས་བརྗོད་ཨང་། དེ་ནས་གང་ཡང་བྱེད་ཀྱི་མ་རེད། ཅེས་བཀའ་སློབ་སྩལ་ཏེ་ཆོས་འབྲེལ་མུ་མཐུད་སྩལ།།