༢༠༡༤ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༩ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་ནང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་དབུས་མཁན་བླ་སྤྲུན་རྣམས་དང་དགེ་འདུན་འདུས་མང་ཡོངས་ལ་བཀའ་སློབ་སྩལ་དོན། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་མཁན་སྐྱེས་བུ་དམ་པ་མང་པོ་ཞིག་གྲྭ་ཚང་འདི་ནས་ཕེབས་ཡོད། སྔར་དེ་ལྟར་བྱུང་བ་བཞིན་མ་འོངས་པར་ཡང་མཁས་པ་རྒྱུན་མ་ཆད་པར་འཐོན་ཐུབ་པར་འབད་བརྩོན་གནང་དགོས། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡང་སྒོས་འཇམ་མགོན་བླ་མའི་བསྟན་པའི་ཞབས་འདེགས། དེང་སང་སྐད་ཆ་ཤོད་སྟངས་ནང་བཞིན་ཁ་ཡོད་ལག་ཡོད་གཅིག་ཡོང་ཐུབ་པ་བློར་འཇོགས་དགོས་པ་དང་། འབད་བརྩོན་བྱེད་དགོས། ཆར་ཅན་ཡིན་བསམས་ནས་སྡོད་རྒྱུའི་གནས་ཚུལ་མ་རེད། ང་ཚོ་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཆ་མཚོན་ན། ད་ལྟ་ང་ཚོ་བཙན་བྱོལ་བ་ཆགས་ཡོད།
གཞིས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་པ་ལྟ་བུ་མཚོན་ན་ཉག་ཕྲ་པོའི་གནས་སྟངས་ཤིག་གི་སྒང་གནས་ཡོད། རང་དབང་མེད་ཁར་རྒྱལ་གཅེས་ཆོས་གཅེས། ཟེར་བའི་ཆབ་སྲིད་ཀྱི་སློབ་གསོ་སྤྲད་ནས་གང་ལྟར་དཀའ་ངལ་ཆེན་པོའི་འོག་ལ་ཡོད། ང་ཚོ་འདིར་རང་དབང་ལུང་པའི་ནང་རང་དབང་ཡོད་པའི་ཐོག་ནས་ཆོས་ལ་སློབ་སྦྱོང་བྱ་རྒྱུ་དང་ཆོས་ཉམས་ལེན་བྱ་རྒྱུར་འཇིགས་པ་མེད་པའི་ཐོག་ནས་ཆོས་སློབ་སྦྱོང་བྱེད་རྒྱུ་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མས་ད་ཕན་ཧུར་ཐག་གནང་ཡོད་ལ། ད་དུང་ཡིན་ནའང་ཚང་མས་ཧུར་ཐག་གནང་ཤོག བར་སྐབས་ནས་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། དེ་བཞིན་ང་ཚོའི་མཁན་པོ་ཁག་མང་པོ་ཞིག་དང་བཀའ་མོལ་བྱུང་། དེ་རིང་རང་གསོལ་ཚིགས་སྐབས་ཕྱིན་ཆད་བྱེད་ཕྱོགས་སྐོར་ལ་བཀའ་མོལ་མང་པོ་ཞིག་བྱུང་། དེར་བརྟེན་དེ་འདྲ་ཡིན་དུས་རིམ་པས་ཁྱེད་རང་ཚོ་མཁན་པོ་ལས་ཟུར་ཚོ་དང་དཔེ་ཁྲིད་དགེ་རྒན་རྣམ་པ་ཚོ། དེ་བཞིན་འཛིན་གྲྭ་མཐོ་བའི་གྲས་རུག་རུག་བྱས་ནས་ད་བར་ང་ཚོར་ཡོད་བསྡད་པ་དེ་གཞི་རྩ་ཡག་ཐག་ཆོད་ཡོད།
ད་དུང་ཡར་རྒྱས་གཏོང་དགོས་རྒྱུ་དང་། ད་ལྟ་ལམ་སེང་ལག་ལེན་འཁེལ་ཐུབ་པ་ག་རེ་འདུག ད་ལྟ་ལམ་སེང་ལག་ལེན་མ་ཐུབ་ནའང་ང་ཚོས་འཆར་གཞིར་བཞག་ནས་རིམ་པས་བྱེད་ཐུབ་པ་ག་རེ་འདུག དེ་དག་ཡིན་གཅིག་མིན་གཉིས་དོ་གལ་ཆེན་པོ་བརྩིས་ནས་གང་ཅིའི་ཐོག་ནས་འབད་བརྩོན་ཐུབ་པ་བྱུང་ན། ཞེས་བཀའ་མོལ་བྱུང་སོང་། དེར་བརྟེན་རིམ་བཞིན་བཀའ་མོལ་ཡོང་རྒྱུ་རེད། དགེ་འདུན་མང་ཚོགས་རང་ཉིད་ནས་དེར་འདོད་པ་ཁེངས་པ་བཟོ་འདྲ་པོ་དང་། སོ་སོའི་ལྟོ་གོས་བཟོ་འདྲ་པོར་བསམ་བློ་མ་བཏང་བར་ཕུགས་རྒྱང་རིང་པོའི་བསྟན་པ་སྤྱི་དང་དེ་བཞིན་བོད་གངས་ཅན་གྱི་ལྗོངས་སུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡོད་པ་འདི་རྒྱུན་འཛིན་བྱེད་མཁན་ང་ཚོ་མ་གཏོགས་མེད། དེར་བརྟེན་གཞུང་ཆེན་དེ་དག་གི་རྩ་བ་བློར་འཛིན་ནས་འགྲེལ་པ་ཚིག་འབྲུ་རེ་རེ་བཞིན་བརྒྱབ་ནས་ཆོས་རྭའི་ནང་རྩོད་པ་བྱ་རྒྱུ་དེ་བོད་པ་གཅིག་པུར་མ་གཏོགས་མེད། དེ་ངོས་ཀྱི་ཐེངས་མང་པོ་ཞུས་ཟིན། དེ་འདྲ་ཡིན་དུས་འདིར་མཐུན་རྐྱེན་འདོད་པ་ཁེངས་པ་ཤིག་ཁག་པོ་རེད།
འོན་ཀྱང་གཞི་རྩའི་ཆ་རྐྱེན་ཚང་མ་འཛོམས་ནས་ཡོད། ད་ང་ཚོའི་ལས་འགན་འདི་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུ་རེད། བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུ་གཙོ་བོ་དེ་སློབ་སྦྱོང་གི་ཐོག་ནས་བསྒྲུབ་དགོས། དེ་དགོངས་པར་བཅངས་ནས་ཧུར་ཐག་གནང་ཤོག་ཨང་། གོང་དུ་སྒོ་མང་གྲྭ་ཚང་ནང་དུའང་ཞུ་རྒྱུ་བྱུང་། གྲྭ་ས་གྲྭ་ཚང་སོ་སོས་ཆོས་དགེ་དེ་འདྲ་གཏོང་སྐབས་ས་བཀག་ཐུབ་ཙམ་མིན་པར་དངོས་གནས་དྲང་གནས་ཀྱི་སེམས་ཁུར་ཡོད་པ་དང་སློབ་ཁྲིད་བྱེད་ཐུབ་མཁན། དེ་འདྲའི་ཆོས་དགེ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞན་བར་སྐབས་ང་ཚོའི་སློབ་གྲྭ་ཁག་ནང་འཐུས་ཤོར་འགྲོ་རྒྱུའི་རྐྱེན་གཅིག་འདི་ཆོས་དགེ་འདི་དཔེ་ཆ་སློབ་ཐུབ་པ་དང་ཁྲིད་ཐུབ་མཁན་ཞིག་མེད་པར་བརྟེན་རེད་འདུག རིག་གནས་ཏོག་ཙམ་ཤེས་པ་མ་གཏོགས་གཞུང་མར་འཁྲིད་སྐབས་ང་ཚོའི་སློབ་གྲྭའི་དགེ་རྒན་ཚོ་རིག་གནས་ཡོད་པ་གཅིག་པུས་འགྲིག་གི་རེད། ཟེར་བ་ལྟ་བུ་བྱས་ནས་དཔེ་ཆར་གོ་བ་ཆགས་པ་ཞིག་གི་ཐོག་ནས་དཔེ་ཆ་འཁྲིད་རྒྱུ་དེ་འདྲ་རང་དགོས་ཀྱི་མ་རེད། ཟེར་མཁན་བཟོ་འདྲ་པོ་ཕྲན་བུ་མཐོང་རྒྱུ་ཡོད་པ་ལྟ་བུ་འདུག དེ་བཞིན་ཕྱི་རྒྱལ་ཁག་གི་ཆོས་ཚོགས་ནང་མི་གཏོང་རྒྱུ་དེ་དག་དངོས་གནས་དྲང་གནས་བསྟན་པའི་བྱ་བ་བསྒྲུབ་ཐུབ་མཁན་དང་། ཞབས་འདྲེན་མི་ཞུ་མཁན་དེ་འདྲ་དྲག་སྒྲུག་བརྒྱབ་ནས། ཟབ་སྦྱོང་སྤྲོད་དགོས་བྱུང་ནའང་སྤྲད་ནས་གལ་ཆེ་དོན་ཆེར་བརྩི་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད།
གཞན་ང་ཚོར་ཆོས་དགེ་དགོས་འདུག་བརྗོད་སྐབས་གང་བྱུང་བཏང་ནས་ཆོས་ཚོགས་ནང་ཚོད་ཚོད་ལ་ཕྱིན་ནས་འགའ་ཤས་ནི་སྐབས་འཚོལ་བ་རང་རེད། ཕྱི་རྒྱལ་ལ་ཕྱིན་ན་དངུལ་ཡོང་གི་རེད་བསམས་པ་དེ་འདྲའི་ཐོག་ནས་གཙོ་བོ་དངུལ་དོན་གཉེར་བྱས་ནས་འགྲོ་མཁན་ཡོང་སྲིད་ཀྱི་རེད། དེ་འདྲ་འདུག་ཅེས་ངོས་ལ་ཞུ་རྒྱུ་མེད། དཔག་ཚོད་ཀྱི་སེར་འབྲས་ཚོའི་ནང་ཕྱི་རྒྱལ་ཁག་ལ་ཡོད་པའི་ཆོས་ཚོགས་དེ་དག་ལྟོས་ས་ལྟོས་འཇོག་གི་ཕྲན་བུ་དྲག་པ་འདུག ད་དུང་ཡིན་ནའང་ཁ་སིང་བཀའ་ཆོས་སར་སྐད་ཆ་བྱུང་བ་བཞིན་རེད། ང་ཚོས་དགེ་འདུན་ཚོའི་སློབ་གཉེར་སྤུས་དག་ཏུ་གཏོང་རྒྱུ་ ད་དུང་ཤུགས་སྣོན་རྒྱག་རྒྱུ་གང་ཡོད་མེད་སྐོར་མཁན་པོ་ཚོས་ཀྱང་གོ་བསྡུར་བཀའ་མོལ་བྱུང་འདུག དཔེར་ན། ཚན་རིག་གི་སློབ་སྦྱོང་ལ་ང་ཚོས་བར་སྐབས་ནས་ཤུགས་སྣོན་རྒྱག་བཞིན་ཡོད། ད་དུང་དེ་དང་དེས་བཟོ་འདྲ་བའི་སློབ་གཉེར་ཤུགས་ཆེ་རུ་གཏོང་རྒྱུ། སྔ་ལོ་རྣམ་གྲོལ་གླིང་ལ་འདི་འདྲ་ཞུ་རྒྱུ་བྱུང་། རྣམ་གྲོལ་གླིང་དུ་ཕར་ཕྱིན་དང་དབུ་མ་བྱས་ནས་ལོ་དགུ་དཔེ་ཆ་ལྟ་གི་འདུག སྐབས་དེར་ངོས་ཀྱིས་མཁན་ཆེན་ཞི་བ་འཚོས་ཚད་ཆེན་ཞིག་ལྟ་ཐུབ་ན་ཡག་པོ་འདུག ད་ལྟ་དགེ་ལུགས་ཀྱི་བཤད་གྲྭ་ཚོའི་ནང་ཚད་ཆེན་རྩ་འགྲེལ་ཟུར་དུ་ལྟ་མཁན་དམིགས་བསལ་མེད་པ་ལྟ་བུ་འདུག ཁེད་ཚོ་མཁན་ཆེན་ཞི་བ་ཚོ་དང་དམིགས་བསལ་འབྲེལ་བ་ཡོད་པ་གཅིག་ཆགས་ཡོད། ཚད་ཆེན་ཞིག་ལྟ་ཐུབ་ན་ཡག་པོ་འདུག འདི་ངོས་ཀྱིས་བསམ་འཆར་ཡིན། ཐུབ་མ་ཐུབ་དང་གནང་དང་མི་གནང་ཟེར་བ་དེ་ཁྱེད་ཚོའི་ཕྱག་ལ་ཡོད། ཅེས་བརྗོད་པ་ཡིན། ཕྱིས་སུ་ཁོང་ཚོའི་འབྲེལ་ཡོད་ཚོས་དེ་རང་ཞུ་རྒྱུ་ཡིན། ཞེས་སློབ་གཉེར་ལོ་དགུ་ཡོད་པའི་ཐོག་ལ་ཚད་ཆེན་ལྟ་རྒྱུ་ལོ་གསུམ་བཞག་ནས་ལོ་བཅུ་གཉིས་སློབ་སྦྱོང་བྱེད་རྒྱུ་གཅིག་ཆགས་འདུག དེར་བརྟེན་གང་ལྟར་ཡར་རྒྱས་གཏོང་གི་འདུག ང་ཚོ་དགེ་ལུགས་པའི་གདན་ས་ཚོའི་ནང་དུའང་རིག་པ་དྲག་པ་ཚོས་ལྟ་གྱི་ཡོད་པ་མ་གཏོགས་གཞན་དམིགས་བསལ་བལྟ་རྒྱུའི་ལུགས་སྲོལ་ཞིག་མེད། དེར་བརྟེན་ཚད་ཆེན་ལྟ་ཐུབ་ན་ཡག་པོ་འདུག དེ་འདྲའི་ཐོག་ལ་དགོངས་པ་ཏོག་ཙམ་བཞེས་ཐུབ་པ་བྱུང་ན་ཡག་པོ་འདུག བསམ་པ་དྲན་བྱུང་། ཕྱོགས་གཅིག་ནས་མཁན་ཆེན་ཞི་འཚོས་ཚད་ཆེན་རྩ་བ་དང་འགྲེལ་བ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ་དེ་ངོ་མཚར་སྐྱེད་དགོས་པ་ཞིག་འདུག དེའི་ཁྱད་ཆོས་གཅིག་འདི་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་བྱུང་ཟིན་རྗེས་མུ་སྟེགས་པའི་སྟོན་པ་མཁས་པ་དེ་འདྲར་དགག་བཞག་གནང་སྐབས་གསལ་ཤོས་དེ་ཕལ་ཆེར་ཚད་ཆེན་ནང་ཡོད་ས་རེད། ཞིབ་ཚགས་པོ་ལྟ་རྒྱུ་མ་བྱུང་། རོབ་ཙམ་ཞིག་ངོས་ཀྱིས་བལྟས་པ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།