ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༧ རེས་གཟའ་་ལྷག་པ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ས་ལྡི་ལིའི་ཀེམ་པན་སི་ཀིའི་གསོལ་མགྲོན་ཁང་གི་ཚོགས་ཁང་ཆེན་མོའི་ནང་སོག་པོ་དང་ཁལ་མུཀ བྷུ་རི་ཡཏ། ཐུ་ཝ། དེ་བཞིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་བཅས་ནས་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༡༥༠༠ བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཆོས་འབྲེལ་སྔོན་ལོའི་འཕྲོ་སྐྱོང་སྩལ་ཡོད།
དེ་ཡང་སྐབས་དེར་ཐོག་མར་ཚོགས་ཁང་ནང་མགོན་པོ་གང་ཉིད་མཆོག་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་ཁྲིར་འཁོད་མཚམས་ཁལ་མུཀ་ནང་པའི་གཙོ་འཛིན་དང་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་དུ་ཉེ་ལམ་བསྐོ་གཞག་བྱུང་བ་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་༧གོང་ས་མཆོག་གིས་ཐོག་མར་སྔོན་འགྲོའི་བཀའ་ཆོས་དབུ་འཛུགས་མཛད་དོན། དེ་རིང་རུ་སུའི་ཁོངས་ཀྱི་ནང་ཆོས་ལ་དོ་སྣང་ཡོད་མཁན་ཁྱེད་རང་ཚོ་འདིར་རུག་རུག་བྱས་ཡོད། ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་ཐོག་ནས་ན་ནིང་ནས་འགོ་བཙུགས་པའི་སྤྱོད་མཇུག་བཤད་པའི་མཚམས་དེ་ནས་འདོན་རྒྱུ་ཡིན། རུ་སུའི་ནང་ཕ་མེས་ནས་ཧ་ལམ་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ལ་སངས་རྒྱས་པའི་ཆོས་ཉམས་ལེན་བྱས་ནས་བསྡད་ཡོད། དེ་བཞིན་ཁལ་མུཀ་དང་། ཐུ་ཝ། བྷུ་རི་ཡཏ་བཅས་ལ་བོད་ཀྱི་ནང་ཆོས་དར་ཡོད། དཔེར་ན། ངོས་རང་ཆུང་དུས་གཙོ་བོ་འབྲས་སྤུངས་སྒོ་མང་ནང་སློབ་གཉེར་གནང་ནས་མཁས་པའི་ཕུལ་དུ་ཕྱིན་པ་རྒན་ལེགས་ལྡན། སོག་པོ་ཆོས་གྲགས། རྒན་ཐུབ་བསྟན་ཉི་མ་སོགས་དངོས་གནས་མཁས་སྒྲུབ་གཉིས་ལྡན་གྱི་སྐྱེ་བོ་དམ་པ་མང་པོ་བྱུང་ཡོད།
ལོ་རྒྱུས་ཐོག་བོད་ནས་ལོ་ངོ་བརྒྱ་ཕྲག་བརྒྱུད་པའི་སངས་རྒྱས་ཀྱི་ཆོས་དེ་ཡང་བོད་ནས་བརྒྱུད་པའི་ནང་པའི་ཆོས་བོད་ཡིག་གི་ཐོག་སློབ་སྦྱོང་གནང་རྗེས། ཕྱིས་སུ་ཁོང་ཚོས་བོད་ཡིག་ནང་ཕུལ་དུ་ཕྱིན་པའི་ལེགས་བཤད་བརྩམས་གནང་ཡོད། དེ་ལྟར་བྱས་ཏེ་སོག་པོ་དང་བོད་པའི་དབར་ཧ་ཅང་འབྲེལ་བ་ཆེན་པོ་བྱུང་ཡོད། དེ་བཞིན་རུ་སུའི་ཁོངས་སུ་ཡོད་པའི་སོག་ཡུལ་སོགས་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པ་ཆགས་ཡོད། ལོ་ཤས་གོང་ནས་རུ་སུའི་ཁོངས་སུ་ཡོད་པའི་ཕ་མེས་ནས་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཚོར་ད་རེས་འདིར་ཆོས་འབྲེལ་བྱེད་འགོ་བཙུགས་ཡོད། དེ་དང་ཆབས་ཅིག་རུ་སུའི་མི་རིགས་དཀར་པོའི་ནང་དང་ནུབ་ཕྱོགས་ཡུལ་གྲུ་དེ་དག་གི་ནང་དེ་སྔ་ནང་པའི་ཆོས་དང་འབྲེལ་བ་གང་ཡང་མེད། འོན་ཀྱང་དེང་སང་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་ཡོང་བཞིན་ཡོད། སྤྱིར་ཚན་རིག་པ་ཚོ་ཆོས་དད་མེད་ནའང་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་གཙོ་བོ་སེམས་ཁམས་རིག་པའི་ཐོག་འགྲེལ་བཤད་མང་པོ་ཡོད་པ་ཞིག་དང་། དེའི་འགྲེལ་བཤད་ཡོང་དགོས་དོན་ནི་ཧ་ཅང་གསལ་པོ་རེད། དེ་ཡང་སེམས་དུལ་ན་ཞི་བདེ་ཡོང་གི་རེད། སེམས་མ་དུལ་ན་སྡུག་བསྔལ་ཡོང་གི་ཡོད།
གང་ལྟར་སེམས་དུལ་དགོས་ཀྱི་ཡོད། འཛམ་གླིང་འདིའི་སྟེང་རྙོག་གྲ་ཚང་མ་སེམས་མ་དུལ་བའི་དབང་གི་ཡོང་གི་ཡོད་པ་གསལ་ པོ་རེད། འཛམ་གླིང་འདིའི་སྟེང་གཞན་ཕན་གྱི་བྱ་བ། དེ་ཡང་མི་ཚང་མས་མོས་པ་དང་། དགའ་པོ་བྱེད་རྒྱུ་དེ་སེམས་དུལ་བའི་དབང་གི་ཡོང་གི་ཡོད་པ་གསལ་པོ་རེད། དེར་བརྟེན་སེམས་དུལ་ན་བདེ་སྐྱིད་ཡོང་རྒྱུ་དང་། སེམས་མ་དུལ་ན་སྡུག་བསྔལ། སེམས་མ་དུལ་བ་དེས་རྙོག་གྲ་བཟོ་གི་ཡོད་པ་དང་། སེམས་དུལ་བ་དེས་བདེ་སྐྱིད་ཡོང་གི་ཡོད་པར་བརྟེན། སེམས་མ་དུལ་བ་དེ་དུལ་བར་བྱས་པའི་ཐོག་ནས་སྡུག་བསྔལ་ལས་ཐར་ཐབས་དང་བདེ་སྐྱིད་ བསྒྲུབ་ཐབས་བྱེད་དགོས་ཀྱི་ཡོད། བདེ་སྐྱིད་ཀྱི་རྩ་བ་དེ་སེམས་དུལ་མ་དུལ་ལ་རག་ལུས་ཡོད། དེ་ལྟ་བུའི་སེམས་མ་དུལ་བ་དེ་དུལ་བ་བཟོ་རྒྱུ་དེ་ནི་བསམ་བློར་འགྱུར་བཅོས་ གཏོང་དགོས་ཀྱི་ཡོད་པ་རེད་མ་གཏོགས། སྨན་དང་། བཟི་སྨན། སྨན་ཁབ་སོགས་ཀྱི་ཐོག་ནས་བདེ་སྐྱིད་བསྒྲུབ་ཐབས་མེད། དེ་བཞིན་འཕྲུལ་ཆས་ཀྱི་ཐོག་ནས་སེམས་དུལ་ཐབས་མེད། གང་ལྟར་བློ་མ་དུལ་བ་དུལ་བར་བྱེད་ཆེད་བློ་ཁོ་ནའི་ཐོག་ནས་འགྲོ་དགོས་ཀྱི་ཡོད། སངས་རྒྱས་པའི་ཆོས་ནང་ད་ལྟའི་ང་ཚོ་མཐའ་དམན་པའི་བློ་དེ་རིམ་པས་བྱང་ནས་མཐར་ ཀུན་མཁྱེན་ཡེ་ཤེས་ཞེས་པ་དེ་བསྒྲུབ་ཐུབ་པ་ཞིག་བྱེད་དགོས། བསྒྲུབ་བྱ་ཐར་ཐུག་དེ་བློའི་སྒོ་ནས་ཡོང་དགོས་ཀྱི་ཡོད། དུལ་བར་བྱ་བ་དེ་བློ་ཡིན་པ་དང་། དུལ་བར་བྱེད་པ་པོ་དེ་ཡང་བློ་ཆགས་ཀྱི་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་ནང་སེམས་ཁམས་རིག་པའི་སྐོར་་ཧ་ཅང་མང་པོ་ཡོད།
སྤྱིར་རྒྱ་གར་གྱི་གནའ་རབས་ཀྱི་ཆོས་བརྒྱུད་དེ་དག་ལ་ཞི་གནས་བསྒྲུབ་རྒྱུ་སོགས་གང་ལྟར་སེམས་ཁམས་རིག་པའི་སྐོར་མང་པོ་ཞིག་ཡོད། སངས་རྒྱས་པའི་ལྟ་གྲུབ་ནང་རྟག་པ་དང་མི་རང་བྱུང་གི་སྐྱེ་བོ་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་ཚོས་ཀྱང་བདག་ཅེས་པ་དེ་ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གྱི་བདག རྒྱུ་དང་རྐྱེན་གྱི་འགྱུར་བ་འགྲོ་རྒྱུ་ཡོད་མཁན་ཞིག་གཙོ་བོ་སེམས་དུལ་མ་དུལ་ད་གའི་སྟེང་ནས་བརྗོད་ན། གཞི་འཁོར་བའི་སྟེང་ནས་མངོན་མཐོའི་ཕུན་ཚོགས། དེ་བཞིན་ངན་འགྲོའི་སྡུག་བསྔལ་ལ་སོགས་པ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མཚོན་བཀྲ་མ་ཤིས་པ་དེ་དག་མཐར་ཐུག་ན། དེ་དགའཇིག་རྟེན་བཀོད་པ་པོས་བཀོད་པ་མིན། དེ་དག་རྒྱུ་མེད་རང་གིས་བྱུང་བ་ཡང་མིན། རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་རེད། འདི་ནི་སངས་རྒྱས་པའི་འགྲོ་སྟངས་རེད། དེར་བརྟེན་ནང་སེམས་དེ་གཙོ་བོ་ཆགས་ཡོད། དེར་བརྟེན་སངས་རྒྱས་པའི་གཞུང་ནང་སེམས་ཁམས་རིག་པའི་སྐོར་དེ་དག་ཧ་ཅང་རྒྱས་པོ་ཡོད།
སྔ་མོ་དུས་རབས་ ༢༠ པའི་སྨད་ཆའི་བར་ལ་ཚན་རིག་པ་ཚོས་ཆོས་ཞེས་པ་དེ་ཧ་ལམ་མི་འདོད་པ་ལྟ་བུ་རེད། ཀླད་པའི་འགྱུར་བ་དང་རྣམ་འགྱུར་ཐོག་བཤད་ཀྱི་ཡོད། དུས་རབས་ ༢༠ པའི་སྨད་ཆ་ནས་མར་བརྟག་དཔྱད་མང་པོ་བྱས་ཏེ། ཀླད་པ་ཕྲ་མོ་ཙམ་ལའང་ཞིབ་འཇུག་བྱེད་རྒྱུ་གསལ་དུ་འགྲོ་སྐབས། ཀླད་པར་འགྱུར་བ་གཏོང་མཁན་གཞན་ཞིག་ཡོད་པ་བཤད་ཀྱི་ཡོད། དེ་རིང་ཁ་སང་ཀླད་པའི་ཚན་རིག་པ་མཁས་པ་ཚོའི་ནང་ནས་སངས་རྒྱས་ཆོས་ཀྱི་འགྲོ་སྟངས་འདི་ Religious མ་རེད། སངས་རྒྱས་ཀྱི་ཆོས་འདི་སེམས་ཀྱི་ཚན་རིག་ Science of Mind རེད་འདུག་ཅེས་ཤོད་མཁན་འདུག འདི་ལ་བདེན་པ་གང་ཙམ་ཡོད། གང་ལྟར་གཙོ་བོ་སེམས་འདུལ་ཐབས་དང་སེམས་ལ་འགྱུར་བ་གཏོང་དགོས། སེམས་ལ་འགྱུར་བ་གཏོང་རྒྱུ་དེ་དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཆོས་ལུགས་པ་ཚོས་མི་མང་པོར་ཕན་གྱི་ཡོད་ཧ་ཅང་ཡག་པོ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡི་ཤུ་དང་། ཇེའུ། ཁ་ཆེ། མུ་སྟེགས་པ་བཅས་མང་པོ་ཡོད། དེ་དག་གི་རང་རང་སོ་སོའི་ཆོས་བརྒྱུད་ཐོག་ནས་འཇིག་རྟེན་བཀོད་པ་པོས་ཐམས་ཅད་བཀོད་པ་པོ་རེད་ཅེས་པའི་ཡིད་ཆེས་དེའི་ཐོག་ནས་མིའི་སེམས་ལ་འགྱུར་བ་འགྲོ་ཐུབ་རྒྱུ་དང་། དེའི་ཐོག་ནས་མི་ལ་ཕན་ཐོགས་ཀྱི་ཡོད་པ་སྨོས་མེད་རེད། དེ་དག་གིས་ཐབས་ལམ་གཙོ་བོ་ནི། དཀོན་མཆོག་ལ་དད་པ་དང་ཡིད་ཆེས་ཐོག་ནས་སེམས་ལ་འགྱུར་བ་འགྲོ་རྒྱུ་ཡོང་བཞིན་ཡོད། སེམས་ལ་དམིགས་བསལ་སྦྱོང་བརྡར་སྤྲོད་རྒྱུ་ཟེར་བ་དེ་ཧ་ཅང་མང་པོ་སྤྲད་རྒྱུ་མེད།
དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་རང་བཞིན་འགྲོ་སྟངས་དེ་སེམས་ལ་སྦྱོང་བརྡར་སྤྲད་ནས་འགྲོ་རྒྱུ་ཡིན་སྟབས་དད་པ་གཙོ་བོ་བྱས་ནས་དེའི་ཐོག་ནས་སེམས་ལ་འགྱུར་བ་འགྲོ་རྒྱུ་ཞིག་ཡོད་ན། དཀོན་མཆོག་ལ་རྩེ་གཅིག་ཏུ་ཡིད་ཆེས་བྱས་ནས་ཕྱིན་པ་ཡིན་ན་འགྲིག་གི་ཡོད། སངས་རྒྱས་ཀྱི་གཞུང་གི་སེམས་ལ་འགྱུར་པ་གཏོང་རྒྱུ་སེམས་ཁམས་རིག་པའི་སྐོར་མང་པོ་ཞིག་ཤེས་པ་བྱས་ཏེ་སེམས་ལ་སྦྱོང་བརྡར་སྤྲོད་རྒྱུ་ཡིན་པར་བརྟེན། སློབ་གཉེར་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། བོད་གངས་ཅན་ལྗོངས་ལ་ཆ་བཞག་ན། རྒྱ་གར་ནས་བཅོམ་ལྡན་འདས་ཀྱི་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཡོད་པ་དེ་དག་གི་འབྲེལ་བ་རྒྱ་གར་གྱི་མཁས་པ་ཀླུ་སྒྲུབ་ཡབ་སྲས་གཙོ་བོ་གྱུར་པའི་པཎ་གྲུབ་བཅུ་བདུན་གྱི་མཛད་པའི་གཞུང་ལུགས་གཙོ་བོར་གྱུར་པའི་བསྟན་འགྱུར་པོ་ཏི་ཉི་བརྒྱ་ཉི་ཤུ་རྩ་གྲངས་ཙམ་ཡོད། དེ་དག་ནི་དངོས་འབྲེལ་བྱས་ན་སློབ་དེབ་རེད། ནང་པའི་གཞི་དང་ལམ། འབྲས་བུའི་རྣམ་གཞག་མཐིལ་ཕྱིན་པ་ཡོད། ངོས་ནས་རྒྱུན་དུ་བཀའ་འགྱུར་བསྟན་འགྱུར་འདི་བྱིན་རླབས་ཆེན་པོ་བྱས་ཏེ་ལྷ་ཁང་ནང་བསྒྲིགས་འཇོག་བྱེད་རྒྱུ་མ་རེད། འདི་ང་ཚོས་སློབ་སྦྱོང་བྱེད་རྒྱུའི་སློབ་དེབ་རེད་འདུག་ཅེས་ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད།
གཙོ་བོ་སེམས་ཀྱི་འགྱུར་བ་སེམས་ཁོ་རང་གི་སྟེང་ནས་འགྱུར་བ་གཏོང་དགོས། དེ་ནས་གནས་སྐབས་དང་མཐར་ཐུག་ཀྱི་འདོད་དོན་སྒྲུབ་རྒྱུ་བྱེད་དགོས་ཀྱི་ཡོད་པར་བརྟེན་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆི་བརྗོད་ནས་དད་པ་གཅིག་པུའི་འདོད་དོན་སྒྲུབ་རྒྱུ་མེད། རང་རང་སོ་སོའི་བླངས་དོར་གྱི་གནས་ཤེས་པའི་ཐོག་ནས་སེམས་ལ་འགྱུར་བ་བཏང་སྟེ་སྡུག་བསྔལ་ལས་མཐར་བ་མ་གཏོགས་ཐབས་གཞན་མེད། ང་རང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། འོན་ཀྱང་བདེ་བས་ཕོང་སྡུག་བསྔལ་གྱི་མནར་རྒྱུ་དེ་རང་རང་གི་སེམས་བརྒྱུད་མ་དུལ་བ་ལས་ཡོང་བཞིན་ཡོད། སྡུག་བསྔལ་མང་པོ་ཞིག་ང་རང་ཚོ་རང་གི་མི་ཤེས་པའི་དབང་གི་བཟོ་གི་ཡོད། ངོས་ཀྱི་དུས་རྒྱུན་དུ་ཆོས་འབྲེལ་མ་བྱས་སྔོན་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་རྩིས་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ནང་ཆོས་ངོ་སྤྲོད་དང་འབྲེལ་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་ཐེངས་འདིར་སོག་རིགས་རྣམས་ལ་ཆོས་འབྲེལ་དང་འབྲེལ་བའི་སྐོར་ཏེ་ལོ་རིན་པོ་ཆེར་གསར་འགོད་པས་དྲི་བ་ཞུ་སྐབས་ལན་དུ། དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཨུ་རུ་སུའི་མི་རིགས་རྣམས་ལ་ཆོས་འབྲེལ་ལོ་དྲུག་པ་དེ་ཆགས་ཡོད། ཐོག་མར་༧གོང་ས་མཆོག་གིས་ཕྱི་ལོ་ ༢༠༠༩ ནས་སོག་རིགས་རྣམས་ལ་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། ཕྱི་ལོ་ ༢༠༡༢ ལོར་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་ཐོག་མར་དབུ་འཛུགས་མཛད་ཡོད། དེར་བརྟེན་ཐེངས་འདིར་སྤྱོད་འཇུག་ཆེན་མོ་ལེའུ་དྲུག་པ་ནས་དབུ་འཛུགས་མཛད་ནས་ཕྱི་ཟླ་ ༡༢ ཚེས་བཅུ་བདུན། བཅོ་བརྒྱད། བཅུ་དགུ་བཅས་ཉིན་གསུམ་རིང་ཆོས་འབྲེལ་མཛད་རྒྱུ་རེད། བཀའ་ཆོས་ཉིན་མཐའ་མར་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའིབཀའ་དབང་སྩལ་རྒྱུ་རེད།
ཐེངས་འདིར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཁོངས་ཀྱི་ནང་པའི་ཡུལ་གྲུ་ཐུ་བ་དང་། བྷུར་ཡ་ཏི། ཁལ་མུཀ་བཅས་དང་གཞན་ཡང་རྒྱལ་ས་མོ་སི་ཁོ་དང་སེན་པི་ཊར་སི་བྷག དེ་བཞིན་ཨོམ་སིཀ་དང་ཏོམ་སི་བཅས་ནས་ཕེབས་ཡོད། གཞན་ཡང་ཀ་ཛ་ཀི་སི་ཐན་དང་ཡུག་རེན་ནས་གང་ཙམ་ཕེབས་ཡོད། ཅེས་གསུངས་པ་མ་ཟད། གསར་འགོད་པས་༧གོང་ས་མཆོག་འབྱུང་འགྱུར་སོག་ཡུལ་དུ་གདན་ཞུ་གནང་རྒྱུའི་འཆར་གཞི་ཡོད་མེད་འདྲི་སྐབས་ལན་འདེབས་གནང་དོན། འཆར་གཞི་ཡོད། སོག་པོ་དང་ང་ཚོ་ཨུ་རུ་སུའི་ནང་ཐབས་ཤེས་གང་ཡོད་ཞུ་བཞིན་ཡོད། ད་ལྟའི་འཆར་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་༧གོང་ས་མཆོག་གི་མཛད་འཆར་ལའང་བསྟུན་དགོས། དེར་བརྟེན་དཀའ་ངལ་ཕྲན་བུ་འཕྲད་བཞིན་འདུག འོན་ཀྱང་སྔ་ཕྱི་མ་གཏོགས་ང་ཚོས་གདན་འདྲེན་ཞུ་ཐུབ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ནས་བརྒྱ་ཡིད་ཆེས་ཡོད། ཅེས་ལན་འདེབས་གནང་སོང་།
གཞན་ཡང་༧གོང་ས་མཆོག་གིས་མཛད་པའི་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་སྐོར་གྱི་དཔེ་དེབ་(Toward a True Kinship of Faiths)ཞེས་པ་འདི་ཨུ་རུ་སུའི་སྐད་ནང་ཕབ་བསྒྱུར་ཟིན་པ་ཐེངས་འདིར་༸གོང་ས་མཆོག་གིས་དབུ་འབྱེད་མཛད་ཡོད།།