༢༠༡༤ ཟླ་ ༡༡ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་སྲིད་སྐྱོང་མཆོག་གི་བཀའ་འབྲེལ་ལྟར་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གིས་ཉེ་ཆར་གསར་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སམ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་དྷ་ས་ཉེ་འཁོར་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གཅིག་ནང་བོད་ནང་གི་གནས་སྟངས་ངོ་སྤྲོད་འགོ་འཛུགས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༢ ཉིན་དྷ་ས་ཉེ་འཁྲིས་སུ་ཡོད་པའི་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ནང་གི་གནས་སྟངས་སྤྱི་དང་། བྱེ་བྲག་ཆབ་སྲིད་བཙོན་པའི་གནས་སྟངས། བོད་ནང་གི་སློབ་གྲྭ་ཁག་གི་སློབ་སྦྱོང་གི་གནས་ཚུལ། ཁོར་ཡུག་ཉམས་ཆག ཞིང་འབྲོག་གི་འཚོ་བ་ཉམ་ང་བ་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་ཀྱིས་བོད་ནང་གི་གནས་སྟངས་ངོ་སྤྲོད་ཟབ་རྒྱས་གནང་འདུག དེ་བཞིན་ཁོང་གིས་ནོར་གླིང་མཐོ་སློབ་དང་། ཤེས་རབ་དགའ་ཚལ་སློབ་གླིང་། བཙུན་དགོན་སྒྲོལ་མ་གླིང་བཅས་སུ་ཡང་རིམ་པས་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་འདུག
ཁོང་ནི་བོད་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་ཏོག་ཚ་སྡེ་བ་རུ་སྐུ་འཁྲུངས་པ་དང་། རང་ལོ་༡༥ ཡིན་སྐབས་རབ་ཏུ་བྱུང་སྟེ་བླ་བྲང་བཀྲ་ཤིས་འཁྱིལ་ནས་སློབ་གཉེར་གནང་། ཕྱི་ལོ་༢༠༠༨ ལོར་ཁོང་དང་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་གཉིས་ཀྱིས་བོད་ནང་གི་གནས་སྟངས་གློག་བརྙན་<<འཇིགས་བྲལ།>>ཞེས་པ་བརྙན་ཕབ་བྱས་རྗེས། རྒྱ་དམར་གཞུང་གིས་ཁོང་ཐེངས་གསུམ་བཙོན་འཇུག་དང་མནར་གཅོད་བཏང་འདུག ཕྱི་ལོ་༢༠༡༤ ཟླ་ ༥ རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཡོད།།