༢༠༡༤ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༡ ཉིན་ཁེ་ན་ཌའི་ Canada གྲོང་ཁྱེར་ཧ་ལི་ཕེག་སི་ Halifax ནང་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ Halifax International Security Forum ཞེས་པའི་ལྷན་ཚོགས་སུ་ལྷན་ཞུགས་གནང་ནས་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐེངས་དྲུག་པའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༣༢ རང་ལུས་མེར་སྲེག་བཏང་བའི་གནས་སྟངས་སྐོར། དེ་བཞིན་སྐབས་དེར་བརྗོད་གཞི། གྲོང་ཁྱེར་གཅིག་ལ་འཆར་སྣང་གཉིས། ཞེས་པའི་ཐོག་གསུང་བཤད་གནང་སྐབས་གསུང་དོན། ཉེ་ལམ་ཧོང་ཀོང་ནང་ཞི་རྒོལ་རྔམ་སྟོན་ལས་འགུལ་སྤེལ་བ་དེ་ནི་རྒྱ་ནག་གི་སྒོ་འགྲམ་དུ་མང་གཙོའི་མཚོ་རླབས་གཡོ་བཞིན་པ་མཚོན་པ་དང་། ཧོང་ཀོང་ནང་གི་ཞི་རྒོལ་རྔམ་སྟོན་གྱི་ལས་འགུལ་དེས་རྒྱ་ནག་གཞུང་དང་ཧོང་ཀོང་མི་དམངས་ལ་ཚོད་ལྟ་ལྟ་བུ་ཡིན། སྤྱིར་ཧོང་ཀོང་ནང་དུ་གྲོང་ཁྱེར་གཅིག་ལ་འཆར་སྣང་གཉིས་ཀྱི་རྣམ་པ་དེའི་བརྒྱུད་རིམ་ནི་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་དབང་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་དེ་ཡིན། ཞེས་གསུངས། གཞན་ཡང་སྐབས་དེར་བོད་དོན་སྐོར་གྱི་དྲི་བར་ལན་འདེབས་གནང་དོན། བོད་ནང་དུ་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་ཇི་ཙམ་བྱས་ཀྱང་གཞིས་བྱེས་བོད་མི་མི་རབས་གསུམ་པ་ཚོས་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་སོགས་སྲུང་སྐྱོབ་ཆེད་ཆོད་སེམས་ཧ་ཅང་བརྟན་པོ་ཡོད། བོད་ནང་མཚོན་ན་ཁོང་ཚོ་རྒྱ་ནག་དམར་པོའི་དབང་བསྒྱུར་འོག་འཚར་ལོངས་བྱུང་བ་ཤ་སྟག་ཡིན། འོན་ཀྱང་ཁོང་ཚོའི་རྒྱལ་ཞེན་ནི་དེ་སྔ་ལས་ལྷག་པ་ཡོད་འདུག
ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༣༢ རང་ལུས་མེར་སྲེག་བཏང་ཡོད། ཅེས་ལན་འདེབས་གནང་འདུག གཞན་ཡང་བགྲོ་གླེང་སྐབས་རྒྱ་ནག་མང་གཙོ་ཅན་དུ་འགྱུར་ན་ཁེ་གྱོང་ཇི་ཡོད་ཐོག་གསུང་བཤད་གནང་དོན། མང་གཙོ་ཅན་གྱི་རྒྱ་ནག་ཞིག་ཆགས་ཐུབ་ན་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་ནང་བརྟན་ལྷིང་ཡོང་ངེས་ཡིན། ཞེས་གསུངས། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་དགོང་མོའི་གསོལ་སྟོན་སྐབས་རྒྱ་གར་ནང་མོ་དི་སྲིད་གཞུང་གསར་པའི་སྐོར་བགྲོ་གླེང་ “Modi Operendi: The New India” སྐབས་རྒྱ་གར་དང་རྒྱ་ནག བོད་བཅས་ཀྱི་གནད་དོན་ཐོག་གསུང་བཤད་གནང་འདུག དེ་ཡང་ཐེངས་འདིར་ལྷན་ཚོགས་སྐབས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཁེན་ Senators John McCainམཆོག་དང་། ཊིམ་ཀེན་མཆོག Tim Kaineགཞན་ཡང་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇོན་བྷེ་ཌི་ John Bairdམཆོག་དང་། ཨི་སི་རེལ་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨུ་ཌི་བྷཱ་རཀ་Ehud Barak མཆོག ཊར་ཀི་ཡི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ལ་གུལ་ Abdulla Gulམཆོག ཉི་ཧོང་གི་བདེ་སྲུང་བློན་ཆེན་གཞོན་པ་་སྐུ་ཞབས་ཧི་དེ་ཤི་ཊོ་ཀུ་ཆི་ Hideshi Tokuchi མཆོག རྒྱ་གར་བྷི་རྗེ་པི་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཨེམ་ཇེ་ཨཀ་བྷར་ M.J Akbarམཆོག་སོགས་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། བདེ་འཇགས་ཐོག་གི་མཁས་དབང་སོགས་མི་སྣ་ཆེ་ཁག ༣༠༠ ལྷག་ལྷན་འཛོམས་གནང་ཡོད་འདུག