༢༠༡༤ ཟླ་ ༡༡ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་རིན་ཆེན་དབང་མོ་ལགས་དང་མཇལ་འཕྲད་གནང་སྟེ་ད་བར་རྒྱ་གར་གཞུང་མང་སྤྱི་དང་། ལྷག་པར་འབྲས་ལྗོངས་མངའ་སྡེའི་གཞུང་མང་གཉིས་ནས་འབྲས་ལྗོངས་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་རྒྱ་ཆེ་ཡོང་བའི་
འབོད་སྐུལ་ཡང་གནང་འདུག ཕྱོགས་མཚུངས་འབྲས་ལྗོངས་མངའ་སྡེའི་དགོན་གནས་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་དང་ཡང་མཇལ་འཕྲད་གནང་ཡོད།
ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་གསར་འགོད་པ་ཁག་གཅིག་དང་ལྷན་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་སྲིད་སྐྱོང་མཆོག་ལ་ཉེ་ཆར་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་གཏན་འབེབས་གནང་བའི་སྐོར་དང་། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་ད་ཆ་བོད་མི་གནས་ཡུལ་ས་གནས་ཕལ་ཆེ་བར་འཚམས་གཟིགས་གནང་གྲུབ་སྟབས། བཙན་བྱོལ་བོད་མི་ཚོའི་གནས་སྟངས་ཐོག་ལ་འཚོར་སྣང་དང་སེམས་འཚབ་གནང་དགོས་པའི་གནས་ཚུལ་གང་བྱུང་སྐོར། དེ་བཞིན་སྲིད་སྐྱོང་མཆོག་ཕྱོགས་ཕེབས་སྐབས་བོད་མི་མང་ཚོགས་ཀྱི་བདེ་སྡུག་ཞུ་དོན་གཙོ་བོ་གང་ཡིན་སྐོར། རྒྱ་གར་གཞུང་འཛིན་གྱི་སྲིད་གཞུང་གསར་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་རེ་བ་ཇི་འདྲ་ཞིག་འཆང་བཞིན་ཡོད་སྐོར་སོགས་ཀྱི་གནད་དོན་ཐོག་དྲི་བ་ཞུས་པ་རྣམས་ལ་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་ཡོད།
གསར་འགོད་ལྷན་ཚོགས་ཚོགས་གྲུབ་བསྟུན་སྲིད་སྐྱོང་མཆོག་གིས་བོད་ཀྱི་འདབ་ཤོག་ཚོགས་པ་ (Wings of Tibet) ཞེས་པའི་བོད་རིགས་གཞོན་སྐྱེས་ཁག་གཅིག་དང་ཐུག་

སྲིད་སྐྱོང་མཆོག་བོད་ཀྱི་འདབ་ཤོག་ཚོགས་པའི་ཚོགས་མི་བོད་རིགས་གཞོན་སྐྱེས་ཁག་གཅིག་དང་ཐུག་འཕྲད་གནང་བཞིན་པ།
འཕྲད་ཀྱིས་ཚོགས་པའི་དམིགས་ཡུལ་གཙོ་བོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་ཡིན་པ་ལྟར་གནད་དོན་དེ་དག་ཐོག་ཧུར་སྐྱེད་ངང་འབད་བརྩོན་གནང་དགོས་པའི་སྐུལ་མ་ཡང་གནང་འདུག དེ་བཞིན་ཁུལ་དེའི་དགོན་སྡེ་ཁག་གི་སྐུ་ཚབ་ཁག་གཅིག་དང་ཐུག་འཕྲད་ཀྱིས་ཁོང་རྣམ་པའི་ཞུ་དོན་ཁག་ལ་ཉན་ཞིབ་གནང་།
དེ་ཉིན་དགོང་མོར་ས་གནས་འགོ་འཛིན་ལས་ཁུངས་དང་ཚོགས་པ་ཁག་དྲུག་ཐུན་མོང་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་སུ་ཐེངས་དང་པོར་ཕེབས་འབྱོར་གནང་བར་འཚམས་དྲི་ཞུ་རྒྱུ་དང་བསྟུན་ས་གནས་ཀྱི་རྒྱ་གར་དཔོན་རིགས་ཁག་གཅིག་དང་། རངརེའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་སྣེ་ཡོང་ལ་དགོང་མོའི་གསོལ་སྟོན་ཞིག་ཕུལ་ཡོད། ཕྱི་ཚེས་ ༥ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་འབྲས་ལྗོངས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཡོངས་སུ་ལེགས་གྲུབ་ཀྱིས་ས་གནས་ནས་ཕེབས་ཐོན་གནང་འདུག་པ་བཅས།།