༢༠༡༤ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༡ ཉིན་ཁེ་ན་ཌའི་ Canada གྲོང་ཁྱེར་ཧ་ལི་ཕེག་སི་ Halifax ནང་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ Halifax International Security Forum ཞེས་པའི་ལྷན་ཚོགས་སུ་ལྷན་ཞུགས་གནང་རྒྱུ་ཡིན་འདུག སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐེངས་དྲུག་པ་དེ་སང་ཉིན་ཕྱི་ཚེས་ ༢༡ ནས་འགོ་འཛུགས་ཀྱིས་ཉིན་གསུམ་རིང་འཚོགས་རྒྱུ་དང་། དེ་ཡང་ཐེངས་འདིར་ལྷན་ཚོགས་སྐབས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཀེན་ Senators John McCainམཆོག་དང་། ཊིམ་ཀེན་མཆོག Tim Kaineགཞན་ཡང་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇོན་བྷེ་ཌི་ John Bairdམཆོག་དང་། ཨི་སི་རེལ་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨུ་ཌི་བྷཱ་རཀ་Ehud Barak མཆོག ཊར་ཀི་ཡི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ལ་གུལ་ Abdulla Gulམཆོག ཉི་ཧོང་གི་བདེ་སྲུང་བློན་ཆེན་གཞོན་པ་་སྐུ་ཞབས་ཧི་དེ་ཤི་ཊོ་ཀུ་ཆི་ Hideshi Tokuchi མཆོག རྒྱ་གར་བྷི་རྗེ་པི་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཨེམ་ཇེ་ཨཀ་བྷར་ M.J Akbarམཆོག་སོགས་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། བདེ་འཇགས་ཐོག་གི་མཁས་དབང་སོགས་མི་སྣ་ཆེ་ཁག ༣༠༠ ལྷག་ལྷན་འཛོམས་གནང་གི་ཡོད་འདུག
དེ་ཡང་སང་ཉིན་ལྷན་ཚོགས་དབུ་འབྱེད་ཀྱི་ཉིན་མོར། གྲོང་ཁྱེར་གཅིག་ལ་འཆར་སྣང་གཉིས་ཀྱི་རྒྱ་ནག་གི་ཧོང་ཀོང་། ཞེས་པའི་བགྲོ་གླེང་ནང་དཔལ་ལྡན་སྲིད་སྐྱོང་མཆོག་ལྷན་ཞུགས་གནང་རྒྱུ་ཡིན་འདུག ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཞེས་པའི་ཚོགས་པ་འདི་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཚོང་གི་ཁེ་ཕན་དང་ཕྱོགས་ལྷུང་མེད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་སྲིད་གཞུང་ཁག་དང་དམག་སྡེ་དང་དཔལ་འབྱོར་སྡེ་ཚོགས། དེ་བཞིན་ཤེས་ཡོན་དང་གསར་འགྱུར་བརྒྱུད་ལམ་སོགས་སྡེ་ཚན་འདྲ་མིན་ཁག་གི་དབུ་ཁྲིད་དང་ལས་ཀྱི་སྣེ་མོ་བ་རྣམས་ལ་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་སྲུང་དང་། དེ་བཞིན་འཛམ་གླིང་ནང་དམངས་གཙོ་འཕེལ་རྒྱས་དང་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་ཐོག་ལ་གོ་བསྡུར་སྦྱང་བཤད་གནང་རྒྱུའི་གོ་སྐབས་སྐྲུན་བཞིན་ཡོད་འདུག