༢༠༡༤ ཟླ་ ༡༡ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་ Barack Obamaམཆོག་གིས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཐུན་འབྲེལ་ལྷན་ (APEC) ཚོགས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ Xi Jinping དང་མཇལ་འཕྲད་གནང་བ་མ་ཟད། ཉིན་དེར་ཡུལ་གཉིས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་གཞི་རྩའི་ཨ་རིའི་གཞུང་གིས་ཐེ་ཝན་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་མི་རིགས་ཀྱི་ཐུན་མིན་ངོ་བོར་སྲུང་སྐྱོབས་ཡོང་སླད་སྲིད་བྱུས་ལག་བསྟར་དགོས་པ་ཨ་རིའི་གཞུང་གིས་རེ་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་པ་ཌེ་ལི་མེལ་ Daily Mail ཞེས་པའི་ཉིན་རེའི་གསར་ཤོག་ནང་གནས་ཚུལ་ཐོན་འདུག གཞན་ཡང་གསར་ཤོག་དེའི་ནང་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་དང་ལྷན་གནད་དོན་དེ་དག་ཐོག་གྲོས་མོལ་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་སྐོར་འཁོད་པ་དང་། ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ལ་གསུངས་པ་གསར་ཤོག་དེའི་ནང་ལུང་འདྲེན་གནང་དོན། ནིའུ་ཡོཀ་དང་པེ་རི་སི། ཧོང་ཀོང་སོགས་འཛམ་གླིང་ས་གནས་གང་དུ་གནས་ཀྱང་རང་དབང་ནི་འཇིག་རྟེན་ཀུན་ཁྱབ་གཅིག་ཡིན་པ་དང་། ཐོབ་ཐང་ནི་ཕོ་མོ་ཚང་མའི་སྐྱེས་ཙམ་ཉིད་ནས་རང་ཆས་སུ་ཡོད་པ་ང་ཚོས་ཡི་ཆེས་བྱེད་བཞིན་ཡོད། ཆོས་ལུགས་དང་མི་རིགས་གྲངས་ཉུང་ཚོར་རིན་ཐང་དེ་དག་གཅིག་མཚུངས་སུ་སྲུང་སྐྱོབ་བྱེད་མཁན་རྒྱལ་ཁབ་སུ་ཡིན་རུང་རྒྱལ་ཁབ་གཞན་ལས་ཡར་རྒྱས་དང་ལམ་ལྷོང་ཆེ་བ་བྱུང་ཡོད་པ་མ་ཟད། ཡུལ་མིའི་མངོན་འདོད་རྣམས་སྒྲུབ་ཐུབ་རྒྱུར་ནུས་པ་ཆེ་བ་སྐྲུན་ཐུབ་ཡོད་པ་ལོ་རྒྱུས་ཀྱི་དཔང་རྟགས་གསལ་པོ་ཡོད། ཅེས་གསུངས།
སྤྱིར་ཕྱི་ལོ་ ༢༠༡༤ ཟླ་ ༢ ནང་སྲིད་འཛིན་ཨོ་བྷ་མ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མཛད་སྐབས་སྲིད་འཛིན་མཆོག་གིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་སོགས་སྲུང་སྐྱོབ་ཡོང་སླད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཡོད་པ་ནན་བརྗོད་ཞུས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྲིད་འཛིན་མཆོག་གིས་རྒྱབ་སྐྱོར་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་གནང་བ་བརྒྱུད་བོད་ཀྱི་གནད་དོན་སེལ་དགོས་པའི་རེ་འདུན་ཡང་འདོན་བཞིན་ཡོད་སྐོར་སོགས་སྙན་སྒྲོན་ཞུས་འདུག དེ་ཡང་དབུ་ཁྲིད་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་མཛད་སྐབས་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་ལ་བོད་ཀྱི་གནས་སྟངས་སྤྱི་དང་ལྷག་པར་དེང་སྐབས་བོད་ནང་གི་གནས་སྟངས་སྐོར་སོགས་ཀྱི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་མཛད་པར་སྲིད་འཛིན་མཆོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་ཡོད་སོགས་ལན་འདེབས་ཞུས་ཡོད།