༢༠༡༤ ཟླ་ ༡༡ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༣ ཉིན་ཉིན་རེའི་གསར་ཤོག [Daily Mail] ཞེས་པའི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཇ་མུ་ཀ་ཤི་མིར་མངའ་སྡེའི་འོས་འདུ་བསླེབ་ལ་ཉེ་བའི་སྐབས་འདིར་རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་རཱཇ་ནཱཐ་སིངྒ་ Rajnath Singh མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༠ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་སླེ་ཡི་སྤོ་ལོ་རྩེད་ཐང་དུ་མང་ཚོགས་རྣམས་ལ་གསུང་བཤད་གནང་འདུག སྐབས་དེར་ཁོང་གིས་རྒྱ་གར་ས་མཚམས་ཁག་ནང་རྒྱ་མིའི་དམག་མིས་གློ་བུར་བཙན་འཛུལ་བྱས་དང་བྱེད་མུས་ཡིན་པ་དེར་ཟུར་བརྡ་འཕེན་ནས་གསུང་དོན། བཙན་འཛུལ་བྱས་པ་དེས་མཐུན་འབྲེལ་ལ་གནོད་རྒྱུ་རེད། ཅེས་གསུངས་པ་མ་ཟད། པེ་ཅིང་གཞུང་གིས་རྒྱ་གར་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་ས་ཁོངས་ཡིན་པ་ཨཀ་ས་ཡི་ཅིན། Aksai Chin ཞེས་པའི་ཐོག་ཁྲིམས་འགལ་གྱི་བཙན་འཛུལ་བྱས་ཡོད། རྒྱ་ནག་ང་ཚོའི་ཁྱིམ་མཚེས་བཟོ་མཁན་དེ་ཀོང་རེ་སི་ཚོགས་པ་རེད། ཅེས་གསུངས། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ནས་ཨཀ་ས་ཡི་ཅིན་ལ་དབང་བསྒྱུར་བྱེད་བཞིན་པ་དང་རྒྱ་གར་གྱི་ས་མཚམས་ཁག་ནང་ཁྲིམས་འགལ་གྱིས་བཙན་འཛུལ་བྱེད་བཞིན་པའི་བྱ་སྤྱོད་དེ་དག་གིས་ཡུལ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུར་འགོག་རྐྱེན་བཟོ་རྒྱུ་རེད། ཅེས་གསུངས་པ་ལུང་འདྲེན་བྱས་པ་མ་ཟད། གསར་ཤོག་དེའི་ནང་མུ་མཐུད་འཁོད་དོན། ཐེངས་འདིར་ནང་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་ཤུགས་ཆེ་སྤེལ་བ་མ་ཟད། དེ་སྔ་ཁོང་ནས་རྒྱ་ནག་གཞུང་གིས་རྒྱ་གར་ས་ཐོག་ཏུ་འཛུགས་སྐྲུན་ལས་གཞི་རྩོམ་བཞིན་པ་དེར་ཡང་ཉེན་བརྡ་བཏང་ཡོད།
གཞན་ཡང་ནང་སྲིད་བློན་ཆེན་མཆོག་གིས་ཊུ་ཝི་ཊར་ (twitter)ནང་ཟིན་བྲིས་ཤིག་བཀོད་ཡོད་པའི་ནང་རྒྱ་ནག་ནི་དུས་ནམ་ཡང་རྒྱ་གར་གྱི་ཁྱིམ་མཚེས་བྱེད་མྱོང་མེད། འོན་ཀྱང་ཀོང་རེ་སི་གཞུང་འཛིན་ཚོགས་པའི་སྲིད་བྱུས་ནོར་བ་ལ་རྟེན་ནས་རྒྱ་ནག་ང་ཚོའི་ཁྱིམ་མཚེས་ཆགས་ཡོད། ད་ཆ་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་བཞུགས་རྒྱལ་ཁབ་ཅིག་ཏུ་གནས་ཐུབ་མེད། བོད་དང་འབྲེལ་བ་མཚམས་འཇོགས་བྱེད་མཁན་དེ་ཀོང་རེ་སི་ཚོགས་པ་རེད། ཅེས་འཁོད་འདུག
.