༢༠༡༤ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༨ སྔ་དྲོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་སྐུ་ཞབས་ཀེ་ཀེ་པ་ཐག་ Shri, K.K Pathak མཆོག དེ་བཞིན་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རེན་རི་ཇི་ཇུ་ Shri. Kiran Rijiju མཆོག་བཅས་ལ་དྭགས་སོ་ནམ་གླིང་གཞིས་ཆགས་སུ་ཕེབས་འདུག དེ་ཡང་སྐབས་དེར་ནང་སྲིད་བཀའ་བློན་མཆོག་དང་ལྷན་བཅར་ཞུ་མཁན་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར་གསུངས་དོན།
དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་སོ་ནམས་གླིང་མི་མང་ཚོགས་ཁང་གསར་པའི་ནང་རྒྱ་ཤོག་ ༡༢ བརྒྱ་དཔོན། ས་གནས་འཐུས་མིའི་ཚོགས་ཚོགས་ཆེན། དེ་བཞིན་རང་བདེན་ཚོགས་ཆུང་གི་ཚོགས་མི། ས་གནས་འགོ་འཛིན། བོད་ཁྱིམ་དབུ་འཛིན་བཅས་ཚང་འཛོམས་ཐོག་སྐུ་མགྲོན་རྣམ་པར་ཕེབས་བསུའི་གསོལ་སྟོན་ཞིག་བཤམས་པ་དང་སྦྲགས། ས་གནས་ནང་དཀའ་ངལ་ཇི་ཡོད་ཁག་སྙན་སྒྲོན་ཞུས། སྐབས་དེར་སྤྱིར་གྲོང་སྡེ་སོ་སོར་དཀའ་ངལ་མི་འདྲ་བ་ཇི་སྙེད་གཅིག་ཡོད་ཀྱང་ཐུན་མོང་དུ་འཕྲད་བཞིན་པའི་དཀའ་ངལ་ནི་ཞིང་ཆུ་འདྲེན་གཏོང་བྱེད་སའི་ཡུར་བ་དེ་དག་བྱེ་མ་ཡིན་སྟབས་དེ་དག་ཨར་འདམ་ (Cement) བཟོ་རྒྱུའི་སྐོར་སྙན་སེང་ཞུ་སྐབས། རྒྱ་གར་ནང་སྲིད་ལས་ཁུངས་ནས་དཀའ་ངལ་དེ་དག་ཕྱི་ལོ་ ༢༠༡༥ ནང་གཙང་སེལ་བཟོ་རྒྱུའི་ཁས་ལེན་གནང་འདུག ས་གནས་བོད་མིའི་དཀའ་ངལ་གཞན་ཞིག་ནི་དབྱར་ཀའི་དུས་སུ་ཨར་ལས་བྱ་རྒྱུའི་གོ་སྐབས་དེ་དག་རྒྱ་ཐང་ནས་བྷི་ཧར་གྱི་ཡུལ་མི་དང་བལ་པོ་མང་པོ་བསླེབས་ནས་བོད་མིར་ཨར་ལས་ཐོབ་རྒྱུའི་གོ་སྐབས་མ་རག་པའི་དཀའ་ངལ་དེ་དག་ཡིན་པ་དང་། ཕྱོགས་མཚུངས་དགུན་དུས་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བས་ལས་ཀ་ཉུང་དུ་འགྲོ་སྐབས་ལས་ཀ་མ་རག་པའི་དཀའ་ངལ་སོགས་ཡོད་སྐོར་སྙན་སེང་ཞུས་ཡོད།
དེ་རྗེས་ཕྱི་ཚེས་ ༡༩ ཉིན་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་སྐུ་ཞབས་ཀེ་ཀེ་པ་ཐག་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སླེའི་རྫོང་གི་རྫོང་དཔོན་སྐུ་ཚབ་སྐུ་ཞབས་མེ་བྷུབ་ཨ་ལི་ལགས། ས་གནས་འགོ་འཛིན། བོད་ཁྱིམ་དབུ་འཛིན། མཉམ་སྦྲེལ་ཚོགས་གཙོ་དང་དྲུང་ཆེ། ལས་དྲུང་བཅས་ལ་དྭགས་བྱང་ཐང་བོད་མི་འབྲོག་པ་རྣམས་ཀྱི་གནས་སྟངས་གཟིགས་ཆེད་ཕྱོགས་ཕེབས་གནང་ནས་ས་ཚིགས་དང་པོར་བྱང་ཐང་ས་ཁག་བརྒྱད་ཀྱི་ཉོ་མ་གྲོང་སྡེར་འབྱོར། དེར་ས་ཁག་བརྒྱད་ཀྱི་འགོ་པ་རྣམས་ཀྱིས་གཙོས་མང་ཚོགས་རྣམས་ཀྱིས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས། ལྷན་ཚོགས་ཤིག་ཚོགས་ནས་སྐབས་དེར་བྱང་ཐང་ཁུལ་དུ་དཀའ་ངལ་ཇི་ཡོད་དང་། དཀའ་ངལ་དེ་དག་སེལ་ཆེད་རོགས་རམ་གྱི་ལས་གཞི་སྤེལ་ན་ཡུལ་མིས་འཕྱར་གྲུ་མཉམ་འདེགས་ཐུབ་མིན་སོགས་སྐོར་གོ་བསྡུར་གནང་བ་མ་ཟད། རྒྱ་གར་གཞུང་གིས་བོད་མི་དེ་དག་ལ་འཚོ་སྣོན་དང་། ཁང་པ་གསར་རྒྱག ས་འོག་ནས་ཆུ་འཐེན་རྒྱུ། ཞིང་སྨོ་བྱེད་ཊག་ཊར་ (tractor) མཐུན་རྐྱེན་འབྱོར་རྒྱུ། ཞིང་ཆུ་འདྲེན་རྒྱུ། ཞིང་ལ་རྭ་བ་བསྐོར་རྒྱུས་མཚོན་འཚོ་གནས་ཀྱི་ལས་གཞི་ཇི་འདྲ་ཞིག་ཡིན་ནའང་གང་ཐུབ་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་།
དེ་རྗེས་བཀག་གཞུང་ཕྱོགས་སུ་ཕེབས་ནས་ས་གནས་བོད་མི་འབྲོག་པ་རྣམས་དང་ཐུག་ནས་བོད་མི་དེ་དག་གི་དཀའ་ངལ་རྣམས་ལ་གཟིགས་ཞིབ་ཙམ་མ་ཟད། དཀའ་ངལ་དེ་དག་ཚིག་ཐོ་བརྒྱབ་ནས་རོགས་རམ་གང་ཐུབ་གནང་རྒྱུའི་ཁས་ལེན་ཡང་གནང་། དེ་རྗེས་རྒོད་ཡུལ་ཕྱོགས་སུ་ཕེབས་ཐོན་གནང་ནས་ཁྱུག་ཙམ་ས་གནས་ཡུལ་མི་དང་འདྲི་རྩད་གནང་རྗེས་སུམ་མདོར་ཕེབས། ཁུལ་དེར་འབྲོག་སའི་དཀའ་ངལ་ཞིག་ཡོད་པ་ནི་འབྲོག་ས་ཆ་བགོ་བྱས་པའི་ཁོངས་ནས་བོད་མི་འབྲོག་པ་རྣམས་ཀྱི་ས་ཆའི་ཐོབ་སྐལ་དེ་ལ་ཡུལ་སྐོར་སྤྲོ་འཆམ་དང་། རི་དྭགས་སྲུང་སྐྱོབ་ལས་ཁུངས་ངོས་ནས་རྭ་བ་བསྐོར་བར་བརྟེན་འབྲོག་པའི་སྒོ་ཕྱུག་ལ་རྩ་ཟ་ཆུ་འཐུང་བྱ་རྒྱུ་དཀའ་ངལ་ཡོད་པ་དེ་དག་དང་། དེ་བཞིན་གསང་སྤྱོད་དང་། ཁང་པ་བཟོ་བཅོས། ས་འོག་ཆུ་འཐེན་འཕྲུལ་ཆས་འཛུགས་རྒྱུ་སོགས་སྙན་སེང་ཞུས། དེ་རྗེས་ས་སྨད་ལ་ཕེབས་འབྱོར་བྱུང་ནས་འབྲོག་པའི་དཀའ་ངལ་དེ་དག་ལ་གཟིགས་ཞིབ་གང་ལེགས་གནང་། དེ་ནས་སླེ་རུ་འཕེབས་ནས་སླེའི་རྫོང་དཔོན་མཆོག་དང་ལྷན་དུ་ལྷན་ཚོགས་གནང་། སྐབས་དེར་དངུལ་ཁང་ཁག་དྲུག་གི་འགན་འཛིན་དང་བསྐྱར་གསོ་རུང་བའི་རང་བྱུང་ཐོན་སྐྱེད་མཁོ་སྒྲུབ་ཚན་པའི་འགན་འཛིན། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་མེ་བྷུབ་ཨ་ལི་མཆོག བཅས་ལྷན་འཛོམས་ཐོག་ཟུང་དྲུང་སྐུ་ཞབས་ཀེ་ཀེ་པ་ཐག་མཆོག་གིས་རྒྱ་གར་སྲིད་གཞུང་གསར་པའི་ངོས་ནས་སྲིད་བློན་མཆོག་ནས་མང་ཚོགས་ཀྱི་དཔལ་འབྱོར་རོགས་རམ་ལས་གཞི་ Pradhan Mantri Jan-Dhan Yojana ཞེས་པ་འདི་འཕྲལ་མར་རྒྱ་གར་རྒྱལ་ཡོངས་ལ་ཁྱབ་དགོས་པ་ཞིག་ཡིན་ནའང་། ད་བར་ལ་དྭགས་བྱང་ཐང་ཁུལ་གྱི་བོད་མི་འབྲོག་པ་འགའ་ཤས་ལ་མ་གཏོགས་ཁྱབ་མེད་པར་བརྟེན། ཟླ་བ་གཅིག་གི་ནང་ཚུད་ལ་འབྲོག་སྡེ་གྲོང་པ་ ༡༨ ཡོངས་རྫོགས་ཀྱི་གྲོང་པ་རེ་རེར་དངུལ་ཁང་གི་ལག་དེབ་ནང་མ་དངུལ་མེད་ཀྱང་ (Zero Balance) དངུལ་ཁང་ལག་དེབ་རེ་ངེས་པར་དུ་གསར་བཟོ་དགོས་པ་དང་། ཕྱིས་སུ་རོགས་རམ་ལས་གཞི་འགོ་འཛུགས་སྐབས་མི་མང་ལ་ཐད་ཀར་རོགས་དངུལ་གཏོང་དགོས་པའི་རིགས་རྣམས་དངུལ་ཁང་ལག་དེབ་དེ་བརྒྱུད་ནས་གཏོང་རྒྱུ་དང་། དེ་མིན་སྤྱི་ཡོངས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་སོགས་རོགས་རམ་གྱི་ལས་གཞིའི་རིགས་ཆེད་དངུལ་གཏོང་དགོས་པ་རྣམས་རྫོང་དཔོན་མཚན་ཐོག་ནས་གཏོང་རྒྱུ་དང་། བོད་མི་ཚོར་མཚོན་ན་ས་གནས་འགོ་འཛིན་བརྒྱུད་ནས་གཏོང་རྒྱུའི་སྐོར་གསུངས་འདུག
སྤྱིར་ལས་གཞི་འདི་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དང་ཐད་ཀར་འབྲེལ་བ་ཡོད་ཀྱང་ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་གིས་དམིགས་བསལ་འབོད་སྐུལ་ཞུས་པར་བརྟེན་ལས་གཞི་གང་མགྱོགས་ལག་བསྟར་གནང་རྒྱུའི་ཞལ་བཞེས་ཐོབ་པ་ཞིག་བྱུང་ཡོད་སྐོར་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུངས་པ་མ་ཟད། ཐེངས་འདིར་རྒྱ་གར་གཞུང་གི་ནང་སྲིད་དྲུང་འཕར་སོགས་ཀྱིས་ལ་དྭགས་བྱང་ཐང་ཁུལ་དུ་ཕེབས་རྒྱུའི་ལས་གཞི་དེ་དག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཕྱི་ལོ་ ༢༠༡༣ ལོར་ལ་དྭགས་བྱང་ཐང་ཁུལ་དུ་གངས་རུད་ཀྱིས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་བཏང་བ་དེ་དག་ས་གནས་ས་ཐོག་ཏུ་ཕེབས་ནས་གཟིགས་ཞིབ་གནང་རྗེས། བཙན་བྱོལ་བོད་མིའི་ནང་ནས་གནས་སྟངས་སྐྱོ་ཤོས་དེ་ལ་དྭགས་བྱང་ཐང་ཁུལ་ཡིན་པ་གཟིགས་ནས་ཕྱིར་རྡ་སར་ཕེབས་རྗེས་ནང་སྲིད་ལས་ཁུངས་ནས་འབྲེལ་ཡོད་ལས་བྱེད་ང་དང་དྲུང་འཕར་འཆི་མེད་ལགས་ང་གཉིས་ལ་དྭགས་བྱང་ཐང་ཁུལ་དུ་ཕྱིན་ནས་འབྲོག་པ་རྣམས་ལ་དཀའ་ངལ་ཇི་ཡོད་དང་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་ཇི་ཡོད་རྣམས་རྟོག་ཞིབ་བྱེད་དགོས་པའི་བཀའ་མངགས་གནང་བ་ལྟར། ང་གཉིས་འདི་ལོའི་ཕྱི་ཟླ་ ༨ ནང་ཕྱིན་ནས་ཁུལ་དེར་མི་འབོར་གྱི་གནས་སྟངས་དང་། སྔར་འབྲོག་པའི་ཁྱིམ་ཚང་ག་ཚོད་ཡོད་པ་དང་དེང་སྐབས་ག་ཚོད་ལྷག་ཡོད་མེད།
འབྲོག་པའི་ཁྱིམ་ཚང་ཇེ་ཉུང་དུ་འགྲོ་དགོས་པའི་གནས་སྟངས་དང་དེའི་རྒྱུ་མཚན་གང་ཡིན་པ། བོད་ནང་གི་འབྲོག་པ་དེ་དག་རྒྱ་མིའི་དབང་བསྒྱུར་འོག་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། རྒྱ་གར་རང་དབང་ལུང་པའི་ནང་ང་ཚོས་མཐུན་རྐྱེན་གང་ཅིའི་ཐོག་རོགས་རམ་ཐུབ་རྒྱུ་རེད་བསམས་ནས་ང་ཚོ་ཕྱིར་རྡ་སར་འཁོར་མཚམས་ནང་སྲིད་བཀའ་བློན་མཆོག་གིས་དབུ་ཁྲིད་འོག་འཆར་གཞི་བཟོས་ནས་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་མཆོག་དང་ནང་སྲིད་བློན་ཆེན་གཞོན་པ་མཆོག ནང་སྲིད་དྲུང་ཆེ་མཆོག་དང་མཇལ་འཕྲད་གནང་ནས་དཀའ་ངལ་དེ་དག་སྐོར་སྙན་སེང་ཞུས་ཡོད། སྙན་སེང་ཞུས་པ་ལྟར་རྒྱ་གར་གཞུང་ནས་ཀྱང་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བྱང་ཐང་ཁུལ་གྱི་འབྲོག་སྡེ་རྣམས་ཀྱི་དཀའ་ངལ་སྐོར་སྙན་ཐོ་ཞིག་འབུལ་ཐུབ་ན་ལེགས་ཚུལ་གསུངས་པ་ལྟར་ང་ཚོས་གྲ་སྒྲིག་བྱས་ནས་དེ་ཉིན་ནང་སྲིད་དྲུང་ཆེ་མཆོག་དང་ངེད་གཉིས་འབྲེལ་ཡོད་རྒྱ་གར་གཞུང་གི་ལས་བྱེད་རྣམས་དང་མཇལ་འཕྲད་ཞུས་ནས་སྙན་སེང་ཞུས་ཡིན། འོན་ཀྱང་ཐོག་མར་ཚེས་ ༦ ཉིན་རྒྱ་གར་ནང་སྲིད་ཟུང་དྲུང་སྐུ་ཞབས་ཀེ་ཀེ་པ་ཐག་མཆོག་དང་མཇལ་འཕྲད་ཞུས་ནས་སྙན་ཐོ་དེ་དག་སྤྱན་འབུལ་ཞུས་ནས་ཁོང་གི་དགོངས་ཚུལ་གསར་འཇུག་དགོས་པ་དེ་དང་ཁ་གནོན་ཞུས།
དེ་རྗེས་ཕྱི་ཚེས་ ༧ ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྒྱ་གར་ནང་སྲིད་དྲུང་ཆེའི་ངོས་ནས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་རྒན་པ་གཉིས་དང་། རྒྱ་གར་སྡེ་སྲུང་ལས་ཁུངས་ནས་ལས་བྱེད་གཉིས། དེ་བཞིན་ཐག་རས་བཟོ་ཚོང་ཚན་པའི་ (textile)འཐུས་མི་གཅིག དེ་བཞིན་ལས་གཞི་འདི་དང་འབྲེལ་བའི་རྒྱ་གར་གཞུང་གི་ལས་བྱེད་མཐོ་རིམ་མང་དག་གཅིག་བཅས་ཚང་འཛོམས་ཐོག་ང་ཚོས་སྙན་ཐོ་སྒྲོགས་སྦྱང་ཞུས་པ་ཡིན། སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་བྱང་ཐང་ཁུལ་གྱི་དཀའ་ངལ་དེ་དག་སྙན་སེང་ཞུས་གྲུབ་བསྟུན། བྱང་ཐང་བོད་མི་འབྲོག་པ་རྣམས་ལ་ཁང་པ་དང་གསང་སྤྱོད། གློག ལམ། དེང་རབས་འཕྲུལ་ཆས་ལག་ཐོག་ཁ་པར་དེ་དག་དགོས་ངེས་ཅན་གྱི་ཆ་རྐྱེན་ཡིན་སྐོར་ཞུས་པ་ལྟར་དེ་དག་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་ཡོད། ཅེས་སོགས་གསུངས།