༢༠༡༤ ཟླ་ ༡༡ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་རྔ་པ་རྫོང་མི་དམངས་ཁྲིམས་ཁང་གིས་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོ་ལགས་སུ་ལོ་གསུམ་དང་། རྨེའུ་རུ་མའི་རུ་ཆེན་གཉིས་པའི་གོ་ཚེ་ཚང་གི་དཀོན་མེ་ལགས་སུ་ལོ་གསུམ། རྨེའུ་རུ་མའི་རུ་ཆེན་བཞི་པའི་མར་ལི་ཚང་གི་དགེ་འཕེལ་ལགས་སུ་ལོ་གཉིས་བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་རྡ་སར་རྟེན་གཞི་བྱས་པའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་ཚོགས་པའི་འགྲེམས་སྟོན་ཁང་དུ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་དང་། ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྒྲོལ་མ་མཚོ་ལགས་དང་ཕ་མ་གཅིག་པའི་སྤུན་མཆེད་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་ཟུར་པ་རྨེའུ་དཀོན་རྒྱམ་བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས་གསུང་དོན།
ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོར་རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་ཁྲིམས་ཐག་གཅོད་དགོས་པའི་ཁག་འགེལ་བྱེད་ས་ནི། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས། སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་དོགས་གཞིའི་འོག་བཙན་བཟུང་བྱས་ནས་ཟླ་བ་བཅུ་གཅིག་བཀག་ཉར་འོག་ནས་གཅར་རྡུང་དང་མནར་གཅོད་སྣ་ཚོགས་བཏང་ཡོད་འདུག
དེ་ནས་ཟླ་འདིའི་ཚེས་ ༣ ཉིན་གྱི་ཞོགས་པའི་བོད་ནང་གི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་རྔ་བ་རྫོང་མི་དམངས་ཁྲིམས་ཁང་ནས་མི་བསད་པའི་ནག་ཉེས་བཙན་འགེལ་བྱས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་གཅོད་སྐབས། སྒྲོལ་མ་མཚོ་ལགས་སུ་ཁྲིམས་ཐག་གཅོད་མཁན་རྣམས་ཀྱིས་མི་བསད་པའི་ནག་ཉེས་ཁས་ལེན་གཙང་མ་བྱས་ན། ཁྲིམས་ཐག་ཇེ་ཉུང་དང་མ་འོངས་པར་འགྲོ་འདུག་སྤྱོད་གསུམ་ཐད་ལ་སྟངས་འཛིན་བྱེད་ཕྱོགས་ཇེ་ལེགས་སུ་གཏོང་ངེས་ཟེར་སྐབས། སྒྲོལ་མ་མཚོ་ལགས་ཀྱིས་ཁྲོམ་རྭ་རང་ནས་སྐད་ཤུགས་མཐོན་པོའི་སྒོ་ནས་ངས་དཀོན་མཆོག་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ལ་ལག་པ་འཆང་དུས་སྐུ་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཟིན་འདུག སྐུ་ཕུང་རླངས་འཁོར་ནང་དུ་བཞག་པ་ལས་མི་བསད་པའི་ནག་ཉེས་སོགས་གཞན་གང་ཡང་བྱས་མྱོང་མེད་ལ། སྐབས་དེར་ང་རང་གཅིག་པུ་མ་གཏོགས་གཞན་མི་སུ་ཡང་མེད། ཁྱོད་ཚོས་ང་ལ་ཟླ་བ་མང་པོའི་རིང་དབང་ཤེད་བཙན་པོས་ཁྲིམས་བཤེར་རབ་དང་རིམ་པར་སྤེལ་སྐབས་སུ་བཤད་ཟིན་པ་ལྟར་འགྱུར་བ་གང་ཡང་མེད་ཅེས་བཤད་འདུག དེང་སྐབས་ཁོ་མོའི་ཁྱིམ་དུ་བཟའ་ཟླ་དབང་འདུས་ལགས་དང་བུ་མོ་ལོ་ ༡༢ ཡིན་པའི་ཚུལ་ཁྲིམས་སྒྲོལ་མ་ལགས་གཉིས་ལྷག་ཡོད།
དེ་མཚུངས་སྒྲོལ་མ་མཚོ་ལགས་དང་མཉམ་དུ་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་མི་ཉི་ཤུ་ལྷག་འཛིན་བཟུང་བྱས་ཏེ་ཉིན་གྲངས་བཅུ་དང་ཉི་ཤུའི་བར་ནས་ཁག་གཅིག་གློད་གྲོལ་བཏང་འདུག་ཀྱང་། དེའི་ནང་ནས་མི་བཅུ་ནག་ཉེས་ཆེ་ཤོས་ཅན་ལ་བརྩིས་ཏེ་ད་ལྟའི་བར་ཟླ་བ་བཅུ་གཅིག་གི་རིང་བཀག་ཉར་ཁང་ནས་གཅར་རྡུང་བཙོན་འཇུག་བྱས་འདུག་པའི་ཁོངས་ནས། ཟླ་འདིའི་ཚེས་ ༣ ཉིན་རྨེའུ་རུ་མའི་རུ་ཆེན་གཉིས་པའི་གོ་ཚེ་ཚང་གི་དཀོན་མེ་ལགས་སུ་མི་བསད་པའི་ནག་ཉེས་གཡོགས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག ཡང་རྨེའུ་རུ་མའི་རུ་ཆེན་བཞི་བའི་མར་ལི་ཚང་གི་དགེ་འཕེལ་ལགས་སུ་མི་བསད་པའི་ནག་ཉེས་བཙན་འགེལ་བྱས་ནས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་འདུག གཞན་ཡང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་སྒྲོལ་མཚོ་ཚང་གི་ཡིན་ཞིང་རྔ་བ་ཀིརྟི་དགོན་པའི་གྲྭ་བསྟན་པ་ལགས་དང་། ཡང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཞི་ཆུང་ཚང་གི་ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་གཉིས་ལ་ད་དུང་ཁྲིམས་ཐག་བཅད་མི་འདུག་ལ། ཁྲིམས་ཐག་མ་བཅད་པའི་རྒྱུ་མཚན་གང་ཡང་གསལ་འདོན་བྱས་མི་འདུག གཞན་ཡང་གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་རྨེའུ་རུ་མ་ནས་ཡིན་པ་ཙམ་ལས་སེར་སྐྱ་སུ་ཡིན་དང་མིང་། ཁྱིམ་ཚང་དང་རུ་སྡེ་སོགས་མི་ཤེས་པའི་མི་ལྔ་ད་དུང་བཙོན་འཇུག་བྱས་ཡོད་འདུག་པ་བཅས།།