༢༠༡༤ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་ནང་མངལ་སྐྲན་ནད་གཞིའི་ (Cervical Cancer) སྐོར་གོ་རྟོགས་སྤེལ་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་དབུས་སྨན་རྩིས་ཁང་གི་སྨན་པ་ཡེ་ཤེས་མཁའ་འགྲོ་ལགས་དང་། རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་རང་བྱུང་སྒྲོལ་མ་ལགས་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་དང་དབུས་སྨན་རྩིས་ཁང་གི་བུད་མེད་ལས་བྱེད་རྣམས་དང་། གངས་སྐྱིད་ཁུལ་གྱི་བུད་མེད་ཁག་གཅིག་བཅས་ལ་མངལ་སྐྲན་ནད་གཞིའི་ནད་རྟགས་དང་། བརྟག་དཔྱད་ (PAP smear test) བྱ་རྒྱུ་གལ་ཆེན་པོ་ཡིན་པ། དེ་བཞིན་སྔོན་འགོག་བྱ་ཐབས། བཅོས་ཐབས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་སོང་། མངལ་སྐྲན་ནད་གཞིའི་སྐོར་གོ་རྟོགས་ལས་འགུལ་དེ་བཞིན་རྡ་ས་ཁུལ་གྱི་མེཀ་ལོ་གྷན་ཇི་དང་། བོད་ཀྱི་ཟློ་གར། རྡ་སྟེང་དང་རྡ་ཤོད་བོད་ཁྱིམ། ནོར་གླིང་། ཤེས་རབ་དགའ་ཚལ་སློབ་གླིང་། སྒྲོལ་མ་གླིང་བཅས་སུ་ཡང་རིམ་པས་ངོ་སྤྲོད་གནང་རྗེས་ནད་གཞི་ཡོད་མེད་བརྟག་དཔྱད་ (PAP smear test) བྱ་འདོད་པ་རྣམས་ཀྱི་མཚན་གཞུང་བསྡུ་རུབ་ཀྱིས་གྲངས་ཐོར་གཞིགས་ཏེ་འབྱུང་འགྱུར་རིན་མེད་ཐོག་བརྟག་དཔྱད་ཀྱི་མཐུན་འགྱུར་སྐྲུན་ཐུབ་མིན་གཟིགས་རྒྱུ་ཡིན་འདུག ཕྱོགས་མཚུངས་སྦེལ་ཀོབ་དང་། ཧོན་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་། བདེ་སྐྱིད་གླིང་། སྦིར། སྤོན་ཌ་ཆོལ་གསུམ། མེའོ་ཆོས་འཕེལ་གླིང་། ཏེ་ཛུ་དར་རྒྱས་གླིང་། ར་ཝང་ལ་ཀུན་ཕན་གླིང་། ཨོ་རི་ས་ཕུན་ཚོགས་གླིང་། མེན་པར་ཕན་བདེ་གླིང་བཅས་སུའང་གོ་རྟོགས་ལས་འགུལ་སྤེལ་ཡོད། ཐེངས་འདིར་བུད་མེད་ཀྱི་ནད་གཞིའི་གོ་རྟོགས་ལས་འགུལ་གྱི་མཐུན་འགྱུར་གནང་མཁན་སུ་ཝི་ཌེན་ནང་རྟེན་གཞི་བྱས་པའི་ (SOIR IM) ཞེས་པའི་ཚོགས་པ་དེ་ཡིན་འདུག
གསར་གནས།

འབྲེལ་གནས།
