༢༠༡༤ ཟླ་ ༡༡ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཤེས་རིག་ལས་ཁུངས་ཀྱིས་བལ་ཡུལ་དང་རྡ་ས་ཉེ་འཁོར་གྱི་སློབ་ཁག་ནང་བཟང་སྤྱོད་དང་རྒྱལ་ཞེན་སློབ་གསོའི་ལས་རིམ་བཀོད་སྒྲིག་ཞུས། ཐེངས་འདིའི་སློབ་གསོའི་བཀའ་སློབ་གནང་མཁན་འཕྲོད་བསྟེན་བཀའ་ཟུར་དཔལ་འབྱོར་ཚེ་རིང་མཆོག་གདན་ཞུས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ནས་ ༢༥ བར་སྤོག་ར་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་བཞི་དང་བལ་ཡུལ་ཀཐ་མན་གྲུ་ཁུལ་གྱི་སློབ་ཁག་གསུམ་བཅས་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་བཟང་སྤྱོད་དང་རྒྱལ་ཞེན་སློབ་གསོའི་གསུང་བཤད་ལས་རིམ་ལེགས་པར་གྲུབ་སྟེ། ཕྱི་ཟླ་ ༡༡ ཚེས་ ༢ ཉིན་རྡ་སར་ཕེབས་འབྱོར་གནང་། འདི་ནས་ལས་རིམ་བཀོད་སྒྲིག་ལྟར་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་མི་རིགས་ཀྱི་སྤོབས་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་གལ་གནད། བོད་ཀྱི་ཐུན་མིན་ཡ་རབས་བཟང་སྤྱོད། གཞན་ཡང་ཤེས་ཡོན་ཕུན་སུམ་ཚོགས་པ་དགོས་གལ་བཅས་ཀྱི་སྐོར་སློབ་གསོའི་ལམ་སྟོན་ཞིབ་ཅིང་ཕྲ་བ་གནང་བ་མ་ཟད། དགེ་ལས་སློབ་ཕྲུག་རྣམས་ཀྱི་ལྷན་དུ་དྲི་བ་དྲིས་ལན་སོགས་གནང་སྟེ་ལས་རིམ་ལེགས་གྲུབ་བྱུང་ཡོད་པ་དང་། དེ་རྗེས་རྡ་སྟེང་བོད་ཁྱིམ་སོགས་སློབ་གྲྭ་གཞན་རྣམས་ལ་སྐོར་བསྐྱོད་གནང་གཏན་འཁེལ་ཡོད་པ་བཅས།