༢༠༡༤ ཟླ་ ༡༡ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཚན་རིག་པ་དང་ནང་པའི་མཁས་དབང་བར་གྱི་བགྲོ་གླེང་ཚོགས་འདུ་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ་ཐེངས་གསུམ་པ་༼མཐུན་འགྲིག་དང་བདེ་སྐྱིད།༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་འགོ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། སྤྱི་འཐུས་ཁག་གཅིག བགྲོ་གླེང་ནང་གཏམ་བཤད་གནང་མཁན་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་གར་གྱི་ཚན་རིག་པ་ཁག་གཅིག དེ་བཞིན་སེར་སྨད་གྲྭ་ཚང་གི་ཟི་ལིང་སྟོང་འཁོར་རིན་པོ་ཆེ་མཆོག་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་བློ་གྲོས་བཟང་པོ་ལགས། ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་བཙུན་དང་དོན་གཉེར་ཅན། རྡ་སྟེང་དང་རྡ་ཤོད་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང་། སྨན་རྩིས་ཁང་བཅས་ཀྱི་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༣༠༠ ཙམ་འདུ་འཛོམས་གནང་ཡོད།
མཛད་སྒོའི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཕྲན་རང་ཉིད་ནི་ཚན་རིག་པ་དང་ནང་དོན་རིག་པའི་ཐོག་མཁས་དབང་ཞིག་མིན་སྟབས་ཚན་རིག་པ་དང་ནང་དོན་རིག་པའི་མཁས་དབང་གི་འདུ་འཛོམས་སར་གཏམ་བཤད་བྱ་རྒྱུ་དེ་ཁག་པོ་འདྲ་ཞིག་ཆགས་ཡོད་ཀྱང་ལས་དོན་འདི་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བཅར་བ་ཡིན། ཕྱི་ལོ་ ༡༩༥༩ ལོ་མཇུག་དང་༡༩༦༠ལོའི་ལོ་སྟོད་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་ཐོག་ཐུགས་ཀྱི་དགོངས་པ་ཆེ་བཞེས་ཀྱིས་བོད་པའི་སློབ་གྲྭ་གསར་འཛུགས་མཛད་དེ། ད་ལྟ་སློབ་གྲྭ་ཁག་ ༧༦ ཙམ་ཡོད་པ་མ་ཟད།སློབ་གྲྭ་དེ་དག་ནང་ཁྱོན་བསྡོམས་སློབ་མ་གྲངས་ ༢༤༠༠༠ ལྷག་སློབ་སྦྱོང་བྱེད་བཞིན་ཡོད། སྐབས་དེར་༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ནས་གནའ་དེང་གི་ཤེས་ཡོན་གྱི་ཕྱུག་པའི་འདབ་གཤོག་གཉིས་ལྡན་གྱི་བོད་མི་ཞིག་ཆགས་རྒྱུའི་ཐུགས་རེ་མཛད་དེ་སློབ་གྲྭ་གསར་འཛུགས་བསྐྱངས་པ་ནས་བཟུང་། ད་ལྟ་ང་ཚོས་ཤེས་ཡོན་ཐོག་གྲུབ་འབྲས་ཆེན་པོ་བླངས་ཡོད་ཀྱང་། ད་ལྟ་བགྲོ་གླེང་གཏམ་བཤད་གནང་མཁན་ལྷན་རྒྱས་ཁྲོད། བོད་པའི་ཚན་རིག་པ་དང་ཚན་རིག་ཞིབ་འཇུག་པ་ཡོང་སྟེ་གཏམ་བཤད་གནང་མཁན་ཞིག་མེད་སྟབས། མ་འོངས་པར་དེ་འདྲ་ཡོང་ཐུབ་པར་འབད་བརྩོན་བྱ་དགོས།
འདས་ལོའི་ནང་བོད་པའི་སློབ་གྲྭ་འཛིན་གྲྭ་ ༡༡ དང་ ༡༢ ཁྲོད་ནས་ ཚན་རིག་སྡེ་ཚན་ཁོངས་ཞུགས་མཁན་ག་ཚོད་ཡོད་མེད་དཔྱད་ཞིབ་བྱེད་སྐབས། སློབ་ཐོན་སློབ་མ་ ༡༥༠༠ ནས་བརྒྱ་ཆ་ ༢༠ ཙམ་མ་གཏོགས་ཚན་རིག་སྡེ་ཚན་ནང་འཛུལ་ཞུགས་བྱས་མེད་སྟབས། མ་འོངས་པར་བོད་ཕྲུག་མང་དག་ཅིག་ཚན་རིག་སྡེ་ཚན་ཁོངས་འཛུལ་ཞུགས་བྱེད་ཐུབ་པའི་རེ་བ་ཡོད།ང་ཚོ་ཞོགས་པ་ཡར་ལངས་པ་ནས་བཟུང་དགོང་དྲོ་མ་ཉལ་བར་ཚན་རིག་དང་མ་འདྲེས་པ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་མ་ཟད།ང་ཚོའི་ཉིན་རེའི་བྱ་གཞག་དང་དགོས་མཁོ་མང་ཆེ་བ་ཚན་རིག་གིས་བསྐྲུན་ཏེ་བདེ་སྐྱིད་ཐོབ་ཡོད
ཚན་རིག་བཀོལ་སྤྱོད་ལེགས་པོ་མ་བཏང་ན། འཛམ་གླིང་ཐོག་གི་དཀའ་ངལ་དང་གནོད་འཚེ་བཟོ་མཁན་ཞིག་ཆགས་རྒྱུ་དང་། ཆོས་བེད་སྤྱོད་ལེགས་པོ་མ་བཏང་ཚེ་འཁྲུག་རྩོད་ཀྱི་གཞི་མ་ཞིག་ཏུ་འགྱུར་སྲིད་སྟབས། གནད་དོན་མང་པོ་ཞིག་གི་ཐོག་ཚན་རིག་དང་ཆོས་ཟུང་འབྲེལ་བྱས་ནས་བྱ་བ་སྒྲུབ་དགོས་པ་ཞིག་ཆགས་ཡོད། ང་ཚོས་འདས་པའི་འཛམ་གླིང་གི་བྱུང་རབས་ལོ་རྒྱུས་ཁག་ལ་གཟིགས་ན། རྒྱལ་ཁབ་དང་ས་ཁུལ་ཁག་གཅིག་ནང་ཚན་རིག་དང་ཆོས་གཉིས་གཅིག་ལ་གཅིག་རྟེན་བྱས་ནས་ཕན་ཚུན་ཕན་ཐོགས་སྐྲུན་རེས་བྱས་ཡོད། འོན་ཀྱང་ས་ཁུལ་ཁ་ཤས་ནང་ཚན་རིག་དང་ཆོས་མ་མཐུན་པར་འཁྲུག་རྩོད་དང་དཀའ་ངལ་མང་པོ་ཞིག་ཕྲད་དང་འཕྲད་བཞིན་ཡོད་སྟབས། ༸གོང་ས་མཆོག་གིས་འདས་པའི་ལོ་བཅུ་ཕྲག་གསུམ་ལྷག་རིང་ཆོས་དང་ཚན་རིག་གཉིས་ཟུང་འབྲེལ་བྱས་ནས་འཛམ་གླིང་སྤྱི་ལ་ཕན་པའི་བྱ་གཞག་སྒྲུབ་དགོས་པའི་བཀའ་སློབ་སྩལ་ཡོད་པ་མ་ཟད།མགོན་པོ་གང་ཉིད་མཆོག་གིས་ཀྱང་ཐུགས་འགན་བཞེས་ནས་མཛད་འཕྲིན་བསྐྱངས་ཡོད་སྟབས།ད་ཆ་ཚན་རིག་དང་ཆོས་ཟུང་འབྲེལ་བྱས་ནས་གཅིག་ཕན་གཅིག་གྲོགས་ལྟ་བུ་ཆགས་ཡོད། ཚན་རིག་གིས་ཕྱི་དངོས་པོའི་བདེ་བ་དང་། ཆོས་ཀྱིས་ནང་སེམས་ཀྱི་བདེ་བ་བསྐྲུན་གྱི་ཡོད་སྟབས། ནང་ཆོས་དང་ཚན་རིག་གཉིས་མཐུན་འགྲིག་བྱས་ནས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ཡོང་ བ་བྱ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
ཕྱི་ཚེས་ ༣ ནས་ ༥ བར་གྱི་ནང་པའི་མཁས་དབང་དང་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུ་འདིར། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་བློ་གྲོས་བཟང་པོ་ལགས་ཀྱིས་༼མཐུན་འགྲིག་དང་བདེ་སྐྱིད། ལྟོས་གྲུབ་དང་སྙིང་རྗེའི་ཐོག་ནང་པའི་ལྟ་ཚུལ།༽ཞེས་པའི་ཐོག་གཏམ་བཤད་གནང་རྒྱུ་དང་། སློབ་དཔོན་སང་གྷི་ཏ་མེ་ནོན་ (Sangeetha Menon) ལགས་ཀྱིས་ ༼ཀླད་པ་དང་ཕན་ཚུན་གཅིག་ཏུ་སྦྲེལ་བའི་བདག ཚན་རིག་དང་ཤེས་པའི་བརྡ་རྟགས།༽ ཨི་མི་ལི་ཡ་ན་ཐོ་མ་སི་ (Emiliana Simon Thomas) ལགས་ཀྱིས་༼བདེ་སྐྱིད་ཀྱི་དོན་དུ་འགྲོ་བ་མིའི་འབྲེལ་བ་དང་། བྱམས་བརྩེ། མཐུན་འགྱུར་གྱི་གལ་གནད་ཆེ་ཚུལ།༽སོགས་ཀྱི་བརྗོད་གཞིའི་སྐོར་ལ་གཏམ་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།