༢༠༡༤ ཟླ་ ༡༡ ཚེས་ ༤ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ བའི་ཚེས ༢༩ ཉིན། ༢༠༡༤ ལོའི་རྔ་བ་ཁུལ་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོའི་དོ་དམ་ནུས་པ་ཇེ་བཟང་ཏུ་གཏོང་བའི་ཟབ་སྦྱོང་ཚོགས་འདུ་འཚོགས། རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་ཧྲུའུ་ཅིའམ་ཅུས་ཀྲང་ཐན་ཁེ་དང་། རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧྲུའུ་ཆོན། དབྱང་ཞའོ་ཏུང་བཅས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། ཁུལ་སློབ་གསོ་ཅུས་ཀྱི་ཚན་ཁག་སོ་སོའི་འགན་ཁུར་མི་སྣ་གཙོ་བོ་དང་། འབར་ཁམས་རྫོང་དང་ཆུ་ཆེན་རྫོང་། ཟུང་ཆུ་རྫོང་། རྔ་བ་རྫོང་། མཛོད་དགེ་རྫོང་། ཁྱུང་མཆུ་རྫོང་། འཛམ་ཐང་རྫོང་བཅས་རྫོང་ཁག་བདུན་གྱི་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དང་ཧྲུའུ་ཅུ། རྫོང་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་བསྡོམས་པས་མི་གྲངས ༡༣༠ ལྷག་བཅས་ཟབ་སྦྱོང་དུ་ཞུགས་ལ། ཟབ་སྦྱོང་ཚོགས་འདུ་ནི་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧྲུའུ་ཆོན་གྱིས་གཙོ་སྐྱོང་བྱས་འདུག
ཟབ་སྦྱོང་ཚོགས་པས་ཡུལ་དངོས་ནས་ཁྱུང་མཆུ་རྫོང་གི་ཨ་མཆོག་སློབ་ཆུང་དང་སྐད་གཉིས་བྱིས་གཉེར་ཁང་། བཅའ་སྡོད་བོད་ཡིག་སློབ་འབྲིང་སོགས་སློབ་གྲྭ་གསུམ་གྱི་སློབ་གྲྭའི་དོ་དམ་དང་རིག་གནས་འཛུགས་སྐྱོང་། སློབ་སྒྲུབ་ནུས་པ། བྱང་ཚད་སློབ་གསོ་སྐུལ་འདེད་བཅས་སྐོར་གྱི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་སྐོར་ལ་གཟིགས་ཞིབ་གནང་། ཡུལ་དངོས་ཀྱི་གཟིགས་ཞིབ་མཇུག་རྫོགས་རྗེས། བཅའ་སྡོད་བོད་ཡིག་སློབ་འབྲིང་ནས་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུ་འཚོགས། ཁྱུང་མཆུ་རྫོང་སློབ་གསོ་ཅུས་དང་། རྔ་བ་རྫོང་སློབ་གསོ་ཅུས། འཛམ་ཐང་རྫོང་སློབ་གསོ་ཅུས་སོགས་རྫོང་རིམ་པའི་དོ་དམ་སྡེ་ཁག་གི་འགན་ཁུར་མི་སྣས། “སློབ་གསོ་འཕེལ་རྒྱས་དང་སློབ་གྲྭའི་དོ་དམ་ལས་དོན།”སྐོར་དང་འབྲེལ་ནས་གཏམ་ གླེང་བྱས། ཁྱུང་མཆུ་རྫོང་ཨ་མཆོག་སློབ་ཆུང་དང་ཁྱུང་མཆུ་རྫོང་གྲོང་ཞོལ་སློབ་ཆུང་། རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་། མཛོད་དགེ་རྫོང་བབ་བཟོ་ཡུལ་ཚོའི་དཀྱིལ་སྙིང་སློབ་གྲྭ། འཛམ་ཐང་རྫོང་གྲོང་ཞོལ་སློབ་ཆུང་སོགས་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དག་གིས། “སློབ་གསོ་འཕེལ་རྒྱས་དང་སློབ་གྲྭ་དོ་དམ་ལས་དོན།”སྐོར་ནས་གཏམ་གླེང་གནང་། རྫོང་དང་སློབ་གྲྭ་ཁག་སོ་སོས་རང་ལུས་ཀྱི་བྱང་ཚད་དང་དོ་དམ་ཆུ་ཚད་མཐོར་འདེགས། དགེ་རྒན་གྱི་རུ་དཔུང་འཛུགས་སྐྱོང་ཇེ་དྲག སློབ་སྒྲུབ་སྤུས་ཚད་ཇེ་བཟང་། སློབ་སྒྲུབ་ཀུན་སྤྱོད་ཚད་ལྡན་སོགས་ཀྱི་སྐོར་ནས་ཉམས་མྱོང་བརྗེ་རེས་བྱས་པ་རེད།
མཇུག་མཐར། རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་ཧྲུའུ་ཅིའམ་ཅུས་ཀྲང་ཐན་ཁེ་ཡིས་ཚོགས་འདུར་ཕྱོགས་བསྡོམས་བྱས། ཁོ་པས་ཐོག་མར་མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་ཐད་ལ་རྒྱལ་ཁབ་ཀྱི་གོང་རིམ་དབུ་ཁྲིད་པས་སྲིད་ཇུས་དང་ལག་ལེན་ཕྱོགས་གང་ཐད་ནས་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྔ་བ་ཁུལ་གྱི་ཁུལ་གཙོ་ཝུའུ་ཙི་གང་གིས་ཀྱང་སྐད་གཉིས་སློབ་གསོའི་སྐོར་ལ་མཛུབ་སྟོན་གལ་ཆེན་བཅུ་བཏོན་ཡོད་པའི་སྐོར་གླེང་།
དེའི་རྗེས་སུ་ཁོ་རང་ཉིད་ཀྱིས་བསམ་ཚུལ་གླེང་རྒྱུར། ད་སྐབས་མཐོ་རྒྱུགས་སྐབས་སུ་རྒྱུགས་ཞུགས་སློབ་མའི་རྒྱ་ཡིག་ཆུ་ཚད་བཟང་ཚེ་དགེ་མཚན་ཆེན་པོ་ལྡན་པ་དང་། མཐོ་འབྲིང་མཐར་ཕྱིན་རྗེས་ནང་ལོགས་ས་ཁུལ་གྱི་སྙན་གྲགས་ཆེ་བའི་སློབ་གྲྭ་ཆེན་པོ་ཁག་ཏུ་འགྲིམ་ཐུབ་ལ། བོད་ཡིག་གཙོར་བཟུང་ཚེ་མཐོ་རྒྱུགས་ཀྱི་སྐར་གྲངས་ཧ་ཅང་དམའ་བས་སྤྱིར་བཏང་གི་སློབ་ཆེན་དུའང་འགྲིམ་མི་ཐུབ་ཅེས་མང་པོ་བཤད། ཁོང་གིས་ད་དུང་དཔེར་དྲངས་ཏེ། ད་ལོར་མཛོད་དགེ་བོད་ཡིག་སློབ་འབྲིང་གི་རྩིས་ཚན་འཛིན་གྲྭའི་ཆེས་མཐོ་བའི་མཐོ་རྒྱུགས་སྐར་གྲངས་སུམ་བརྒྱ་དགུ་བཅུ་ལས་མེད་པ་དང་། སྐར་གྲངས་དེ་ལྟ་བུ་ཡིས་ནང་ལོགས་ས་ཁུལ་གྱི་མཐོ་འབྲིང་སློབ་མའི་མཐོ་རྒྱུགས་སྐར་གྲངས་ཀྱི་ཕྱེད་ཀའང་མི་ལོན་ཞེས་བཤད། ཁོང་གིས་སླར་ཡང་། སྔོན་ཆད་ཁོ་རང་གིས་བོད་ལྗོངས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དང་གཏམ་གླེང་བྱེད་སྐབས། བོད་ལྗོངས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གིས་བོད་ལྗོངས་ས་ཁུལ་ནས་མཐོ་འབྲིང་སློབ་གྲྭའི་སྦྱོང་ཚན་ཆ་ཚང་རྒྱ་ཡིག་ཏུ་བསྒྱུར་བས་གྲུབ་འབྲས་ཡག་པོ་ཐོབ་བྱུང་ཟེར། དེའི་སྟབས་ཀྱིས་རྔ་བ་ཁུལ་ནས་ཀྱང་མཐོ་འབྲིང་སློབ་གྲྭའི་སྦྱོང་ཚན་ཆ་ཚང་རྒྱ་ཡིག་ཏུ་བསྒྱུར་ནས་བོད་ཡིག་བསླབ་མི་དགོས་པ་བྱས་ན་འགྲིག བོད་ཡིག་བསླབས་ཀྱང་མ་འོངས་པར་སྤྱོད་སྒོ་ཆེན་པོ་མེད་པ་དང་འབྲོག་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བར་ཡང་ཕན་པ་ཆེན་པོ་མེད་ཅེས་བཤད་པ་རེད།
གཞན་ད་དུང་ཁོང་གིས་ཚོགས་འདུར་ཞུགས་པའི་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དག་ལ། འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱ་ཡིག་ཆུ་ཚད་ཡག་པོ་མེད་ཚེ། ཁྱེད་རང་ཚོ་སློབ་གཙོ་ཚད་ལྡན་ཞིག་མིན་པའི་རྟགས་རེད། འབྲོག་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བར་ཐོག་མར་རྒྱ་ཡིག་གཙོ་བོར་འཛིན་དགོས། སློབ་མ་ཚོས་རྒྱ་ཡིག་སློབ་ཚན་ཡག་པོ་སྦྱོང་ཐུབ་ཡོད་ཚེ་མ་འོངས་པར་མདུན་ལམ་ཡག་པོ་ཡོད་པ་དང་། སློབ་གྲྭ་དེའི་སློབ་གཙོས་ཀྱང་འོས་འགན་འགྲུབ་ཞིང་ཚད་ལྡན་ཞིག་ཡིན་པ་རེད། དེའི་སྟབས་ཀྱིས་སློབ་གཙོ་དག་གིས་ངེས་པར་དུ་རྒྱ་ཡིག་གཙོར་བཟུང་ནས་སློབ་ཁྲིད་བྱེད་དགོས་ཞེས་བཤད་པ་རེད།
ཚོགས་འདུ་དེ་མཇུག་རྫོགས་པའི་ཕྱི་ཉིན་ནས་བཟུང་། ཅུས་ཀྲང་ཐན་ཁེ་ཡི་སྐད་ཆ་ལ་བོད་རིགས་མང་ཚོགས་ཀྱིས་རྒོལ་གཏམ་མང་པོ་བརྗོད་བཞིན་ཡོད། ལྷག་པར་དུ་འཕྲིན་ཕྲན་དང་པོད་ཕྲན་སོགས་བརྒྱུད་ནས་ཐན་ཁེ་ཡི་བོད་ཀྱི་སྐད་ཡིག་མེད་པར་བཟོ་བའི་སྐད་ཆ་དེ་ལ་ངོ་རྒོལ་ཛ་དྲག་བྱེད་བཞིན་ཡོད་པ་རེད། ཁོ་ཚོས་བཤད་རྒྱུར། གཞུང་ཕྱོགས་ཀྱི་སྲིས་ཇུས་དང་བཅའ་ཁྲིམས་ཡིག་ཆ་གང་དུའང་ཁོང་གིས་གཏམ་བཤད་ཀྱི་ནང་དོན་འདིའི་སྐོར་བརྗོད་མྱོང་མེད་པ་མ་ཟད། དེ་ལས་ལྡོག་ཏེ་རྒྱལ་ཁབ་སྲིད་གཞུང་གིས་མི་རིགས་ས་ཁུལ་ནས་རང་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་ཡུལ་སྲོལ་གོམས་གཤིས་གཙོར་འཛིན་དགོས་ཞེས་ཡིག་ཆ་མང་པོ་བཏོན་ཡོད། ཅུས་ཀྲང་ཐན་ཁེ་ཡི་སྐད་ཆ་དེ་ནི་གཞུང་ཕྱོགས་ཀྱི་ལྟ་ཚུལ་དང་མི་མཐུན་ལ་མང་ཚོགས་ཀྱི་འདོད་བློ་དང་ཡང་མི་འཚམ་པ་མ་ཟད། དངོས་ཡོད་གནས་ཚུལ་དང་ཡང་འགལ་ཡོད་པས། ཁོ་རང་གིས་ཕྱོགས་གང་དུའང་བརྟག་དཔྱད་རྒྱུས་ལོན་ཅི་ཡང་མེད་པར། རང་བསམ་རང་མོས་ཀྱིས་རང་ཉིད་མི་སྒེར་གྱི་འདོད་བློ་དེ་ཡང་དག་པར་བཟུང་ནས་སྐད་ཆ་ལབ་ནས། ལས་ཀར་མཛུབ་སྟོན་ནོར་འཁྲུལ་དང་མང་ཚོགས་ཀྱི་བསམ་བློ་ལོག་ཁྲིད་བྱེད་པ་མ་ཟད། དེ་ནི་མི་རིགས་དང་རྒྱལ་ཁབ་གང་ལ་མཚོན་ནའང་ནོར་འཁྲུལ་ཚབས་ཆེན་བཟོ་ངེས་པའི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་བཞིན་ཡོད་པ་རེད།
ཁ་བྱང་ཕྱི་མོ། སི་ཁྲོན་རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཐན་ཁེ་ཡིས་ཚོགས་ཐོག་ཏུ་བོད་ཀྱི་སྐད་ཡིག་བསླབས་ཀྱང་སྤྱོད་སྒོ་མེད་ཅེས་བརྗོད།