༢༠༡༤ ཟླ་ ༡༡ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་སི་ཁྲོན་ཞིང་ཆེན་ Sichuan Province གྱི་ལྷོ་ནུབ་ས་ཁུལ་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་ནང་ས་ཡོམ་འགུལ་ཤུགས་དྲུག་དང་གྲངས་ཆུང་གསུམ་(6.3) བྱས་པ་ཞིག་བརྒྱབ་ཡོད། རང་བྱུང་གོད་ཆག་དེའི་འོག་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལྟར་ན། མི་ལྔ་ནས་དྲུག་བར་ཚེ་སྲོག་ཤོར་འདུག་པ་དང་། མི་གྲངས་ ༦༢༠༠ ཙམ་གྱི་ཁང་པར་གནོད་རྐྱེན་ཕོག་ཡོད་ཁོངས་ནས་སྡོད་ཁྱིམ་གྲངས་ ༢༦༣༠ ཙམ་ལ་གནོད་འཚེ་ཚབས་ཆེ་བཏང་ཡོད་སྐོར་ཁམས་སྐད་གསར་འགྱུར་བརྒྱུད་ལམ་ནས་བསྒྲགས་འདུག
གཞན་ཡང་བརྒྱུད་ལམ་དེའི་ནང་མི་གྲངས་ ༥༤ ཙམ་གོད་ཆག་འོག་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་ཡོད་འདུག་ལ། དེའི་ཁོངས་ནས་ཁག་གཅིག་གི་གནས་སྟངས་ཛ་དྲག་ཡིན་ཚུལ་བཀོད་འདུག སྤྱིར་ས་ཡོམ་དེ་ཕོག་ཡུལ་ལྟེ་བ་ epicenter ནི་འབའ་ལྷ་ཁང་གི་ས་གནས་དེར་ཡིན་འདུག་པ་དང་ས་གནས་དེར་བོད་ཀྱི་གནའ་རབས་ཀྱི་དགོན་པ་ཞིག་ཡོད་པ་མ་ཟད།
མི་ཉག་རྫོགས་ཆེན་སློབ་གྲྭ ཞེས་པ་ཞིག་ཡོད་པའི་སློབ་མ་གྲངས་ ༤༢ ལ་རྨས་སྐྱོན་ཕོག་ཡོད་སྐོར་ཤིང་ཧྭ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་འདུག དེ་ཡང་ས་གནས་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན།
ཐེངས་འདིའི་ས་ཡོམ་ཕོག་ཡུལ་དར་རྩེ་མདོ་དང་། རྟའུ། རོང་བྲག ལྕགས་ཟམ། ནག་ཆུ་སོགས་ཡིན་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕན་གྱིས་ཕི་ཇི་ Fiji ནང་རྒྱལ་དོན་ཕྱོགས་བསྐྱོད་སྐབས་འཁེལ་ཡང་སི་ཁྲོན་དམག་མིའི་ངལ་སེལ་རུ་ཁག་རྣམས་ལ་བོད་ནང་གི་རང་བྱུང་གོད་ཆག་ཕོག་མཁན་རྣམས་ལ་ལྟ་རྟོག་གང་ལེགས་བྱེད་དགོས་པའི་བཀོད་མངགས་བཏང་འདུག